ཕྱི་ལོ་༢༠༡༩ ཟླ་ ༨ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༠ ནས་༢༣ བར་ཉིན་གྲངས་བཞི་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཐོག་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་བཞུགས་སྒར་རྡ་ས་མེག་ལོར་ཡོད་པའི་ཁི་ལ་པི་མགྲོན་ཁང་ club House གི་ཚོགས་ཁང་ནང་ཚོགས་ཡོད་པ་དང་། ཉིན་གྲངས་བཞི་རིང་གི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྟེང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་དང་། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཟུང་འབྲེལ་དྲུང་ཆེ་ཚེ་རིང་གཡུ་སྒྲོན་ལགས་བཅས་ཕེབས་འདུག དེ་བཞིན་རྒྱ་གར་ནང་ཡོད་པའི་བོད་མིའི་སློབ་གྲྭ་གྲངས་ ༣༡ གཅིག་གི་སྐུ་ཚབ་བུ་གཅིག་དང་བུ་མོ་གཅིག་བཅས་རེ་རེ་མཉམ་ཞུགས་གནང་འདུག
འཕྲོད་བསྟེན་ལས་ཁུངས་ནས་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་དང་། དགེ་རྒན། ལས་བྱེད་བཅས་ལ་དེ་སྔ་མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཐོག་ཟབ་སྦྱོང་སྤྲད་པའི་ཉེར་ལེན་ལ་བརྟེན་ནས་མདུན་ལམ་སློབ་སྟོན་པ་དང་། དགེ་རྒན་རྣམ་པ། དེ་བཞིན་ལས་བྱེད་རྣམ་པ་བཅས་ནས་ཟབ་སྦྱོང་དེ་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྐོར་གསུངས་པ་མ་ཟད། དེ་ལྟ་བུའི་ཟབ་སྦྱོང་དང་གོ་རྟོགས་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སྤྲོད་དགོས་པའི་དགོངས་ཚུལ་གསུངས་ཡོད། དེ་བཞིན་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་མྱོས་རྫས་ངན་གོམས་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་སློབ་གྲྭ་གྲངས་ ༣༡ གཅིག་གི་སྐུ་ཚབ་དགེ་རྒན་རེ་རེ་མཉམ་ཞུགས་གནང་ཡོད།
མྱོས་རྫས་ངན་གོམས་དང་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། སློབ་ཕྲུག་ལང་ཚོ་དར་བབ་ཡིན་པའི་སྐབས་འཕྲོད་བསྟེན་གྱི་དཀའ་ངལ་མང་དག་ཅིག་ཡོད་པས། དགེ་རྒན་དང་ཕ་མ་རྣམ་པ་ཚོས་སློབ་ཕྲུག་རྣམས་ལ་ལམ་སྟོན་དང་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་གསུངས། མཇུག་ཏུ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །