ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཨ་རིའི་ལྷོ་ཨེ་ཤི་ཡའི་མི་འབོར་དང་སྐྱབས་བཅོལ་བ། གཞིས་སྤོ་བཅས་ཀྱི་ལས་ཁུངས་ South Asia, Bureau of Population, Refugees and Migration ཀྱི་ལས་འཆར་འགན་འཛིན་སྐུ་ཞབས་སྦི་རོ་ཀི་Mr. Hefright Brook ལགས་དང་ཐུག་འཕྲད་ཀྱིས་ཨ་རི་གཞུང་གིས་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུངས།
སྐབས་དེར་སྐུ་ཞབས་སྦི་རོ་ཀི་ལགས་ཀྱིས། བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མི་ཕྱིར་རྒྱ་ནག་ལ་རྩིས་སྤྲད་པའི་གནས་ཚུལ་རིགས་བྱུང་ཚེ་ཁོང་ལ་འབྲེལ་གཏུག་བྱེད་པ་ཡིན་ན། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་བརྒྱུད་གནས་ཚུལ་དེ་གྲས་ཐག་གཅོད་བྱེད་ཆོག་གི་རེད། ཅེས་གསུངས།
འཕྲོད་བསྟེན་བཀའ་བློན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་འཕེལ་རྒྱས་རྟོག་ཞིབ་ཚན་པའི་ The China Commission ངེས་སྟོན་པ་འཇོན་སི་ཊི་ཝེར་སི་ལགས་དང་ཐུག་འཕྲད་གནང་སྟེ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་གིས་མི་འགྱངས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཆེད་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་གནང་རྒྱུ་ཡིན་པའི་སྐོར་གྲོས་བསྡུར་གནང་ཡོད་པ་དང་། གཞན་ཡང་འཕྲོད་བསྟེན་བཀའ་བློན་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་ཁུངས་ཁག་ལ་ཆེད་བཅར་གྱིས་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་བ་དང་། དེ་བཞིན་ཨ་རིའི་རོགས་ཚོགས་ USAID ཀྱིས་གཙོས་རོགས་ཚོགས་གཞན་ཁག་གིས་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་སྐྱོར་གནང་དང་གནང་བཞིན་པ་ཁག་དགོས་ངེས་ཅན་ལ་དམིགས་ཏེ་དུས་ཐོག་བེད་སྤྱོད་གཏོང་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པ་བཅས། །