ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་སྲི་ཞུའི་ལས་བྱེད་དྲུང་ལས་དང་། སྡེ་འགན། ལས་དོ། ལས་དྲུང་། རྒན་དྲུང་བཅས་ལས་བྱེད་གྲངས་ ༢༦ གསར་དུ་བདམས་པ་རྣམས་ལ་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཉིན་གྲངས་ ༤༥ རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་ཨིན་སྐད་ཡིག་གཙོ་བོ་གྱུར་བའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད། ཐེངས་འདིའི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྟེང་འདེམས་ལྷན་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་དབུས་པའི་འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། འདེམས་ལྷན་ཚོགས་མི་ན་ག་སངས་རྒྱས་བསྟན་དར་ལགས། འདེམས་ལྷན་ཚོགས་མི་དྭགས་པོ་སྐལ་བཟང་གཡུ་སྒྲོན་ལགས། རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་གི་འགན་འཛིན་ཚེ་རིང་དོན་འགྲུབ་ལགས། དེ་བཞིན་གསར་དུ་བདམས་པའི་སྲི་ཞུའི་ལས་བྱེད་གྲངས་ ༢༦ ཕེབས་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་གསར་དུ་བདམས་པའི་སྲི་ཞུའི་ལས་བྱེད་རྣམས་ནས་སོ་སོའི་སྐོར་ངོ་སྤྲོད་གནང་གྲུབ་མཚམས་འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟབ་སྦྱོང་སློབ་ཁྲིད་པ་རྣམས་ཀྱི་མཚན་དང་སློབ་ཚན་སྐོར་ངོ་སྤྲོད་གནང་རྗེས། འདེམས་ལྷན་ཚོགས་མི་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། དེ་བཞིན་འདེམས་ལྷན་ཚོགས་མི་དྭགས་པོ་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་སྐོར་གསུང་བཤད་གནང་གྲུབ་བསྟུན་འདེམས་ལྷན་ཚོགས་གཙོ་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་དང་གལ་གནད་སྐོར་གསུང་བཤད་གནང་དོན།
དེ་རིང་ལས་བྱེད་གསར་ཞུགས་རྣམས་ལ་བོད་ཨིན་གཉིས་གཙོ་བོར་གྱུར་པའི་ཟབ་སྦྱོང་གོ་སྒྲིག་གི་དབུ་འབྱེད་མཛད་སྒོར་ཕེབས་པའི་འདེམས་ལྷན་ཀྱི་ཚོགས་མི་རྣམ་པ་གཉིས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་དང་འོས་བསྡུའི་ལས་འགན་གཅིག་ལྕོགས་གནང་མཁན་དྲུང་ཆེ། དེ་བཞིན་ལས་བྱེད་སྦྱོང་བརྡར་ཁང་དང་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་ཚེ་རིང་དོན་གྲུབ་ལགས། འདེམས་བསྐོ་ལྷན་ཁང་གི་ལས་བྱེད། ལྷག་པར་སྲི་ཞུའི་ལས་བྱེད་ཁོངས་གསར་འདེམས་བྱུང་བའི་བུ་དང་བུ་མོ་བཅས་ལ་ཐོག་མར་ངས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། ཟབ་སྦྱོང་གི་དགོས་དམིགས་གང་རེད་ཅེ་ན། རྣམ་པ་ཚོ་སྲི་ཞུའི་ལས་བྱེད་ཁོངས་འཛུལ་ཞུགས་གནང་དུས་གང་དང་གང་གནང་དགོས་ཀྱི་འདུག ལས་བྱེད་ཁོངས་འཛུལ་ཞུགས་གནང་སྟེ་དགོངས་པ་བཞེས་ཕྱོགས་ག་འདྲ་རེད་འདུག
བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གང་དང་གང་ཡོད་པ་དེ་དག་ལ་གདོང་ལན་ཇི་ལྟར་བྱེད་དགོས་པ་དེ་དག་སྐོར་ཉིན་གྲངས་ ༤༥ རིང་ཟབ་སྦྱོང་གི་ཚུལ་དུ་རྣམ་པ་ཚོར་ངོ་སྤྲོད་དང་། དེ་རྗེས་ལས་འགན་བཀོད་སྒྲིག་དབུས་དང་ཕྱོགས་མཐའ་ཁག་ཏུ་ཡོང་སྲིད་པ་རེད། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྐབས་བོད་ཡིག་ནི་གཙོ་བོ་དང་མེད་དུ་མི་རུང་བ་ཆགས་ཡོད། དེར་བརྟེན་ཟབ་སྦྱོང་སྐབས་སློབ་ཚན་གཙོ་བོ་བོད་ཡིག་དང་ཨིན་སྐད་གཙོ་བོར་གྱུར་པའི་ནང་ནས་བོད་ཡིག་སློབ་ཚན་མང་བ་བཞག་ཡོད། བོད་མིའི་སྒྲིག་འཛུགས་ནང་ཕར་ཚུར་ཡིག་འབྲེལ་གནང་རྒྱུ་བོད་ཡིག་རང་གི་ནང་གནང་དགོས་ཀྱི་ཡོད། ཅེས་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་ཡོད།
ཨིན་ཇིའི་མི་དང་འབྲེལ་བ་གནང་དུས་ཨིན་ཡིག་ནང་གནང་རྒྱུ་རེད། བོད་མི་ནང་ཁུལ་གནད་དོན་ཇི་འདྲ་ཞིག་ཡིན་རུང་བོད་ཡིག་ནང་གནང་དགོས། དཔེར་ན། བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པའི་ལས་བསྡོམས་ཤིག་ཡིན་ན་བོད་ཡིག་ནང་འབུལ་དགོས། དེ་བཞིན་རོགས་ཚོགས་ཤིག་ལ་ལས་བསྡོམས་འབུལ་དགོས་ན་ཨིན་ཡིག་ནང་འབུལ་དགོས། འོན་ཀྱང་བོད་ཡིག་མང་བ་བེད་སྤྱོད་གཏོང་དགོས་ཀྱི་ཡོད། དེར་བརྟེན་ད་རེས་ཙམ་མིན་པར་ལས་བྱེད་ཁོངས་འཛུལ་ཞུགས་གནང་མཁན་ཡོངས་ལ་དེ་སྔའང་ཟབ་སྦྱོང་རབ་དང་རིམ་པ་གནང་ཡོད། ཟབ་སྦྱོང་སྐབས་གོང་དུ་ཞུས་པ་ནང་བཞིན་གནད་དོན་དེ་དག་གི་ཐོག་ཐུགས་ཁུར་ཧ་ཅང་བཞེས་དགོས།
དེ་ཡང་ལས་བྱེད་དམིགས་སྒོར་ཟབ་སྦྱོང་ཐོན་མཁན་མི་གྲངས་དགུ་ཙམ་འདུག རྣམ་པ་ཚོ་ལ་ཟབ་སྦྱོང་ཉིས་བརྩེགས་ལྟ་བུ་ཆགས་གྲབ་བྱེད་ཀྱི་ཡོད། ཟླ་གྲངས་བཅུ་ཙམ་རིང་ཟབ་སྦྱོང་གནང་སྟེ་བསྐྱར་དུས་ཉིན་གྲངས་ ༤༥ རིང་ཟབ་སྦྱོང་གནང་དགོས་དོན་མི་འདུག་སྙམ་པའི་དགོངས་ཚུལ་དེ་འདྲ་སླེབ་མ་སྲིད་པ་མ་རེད་བསམ་གྱི་འདུག རྣམ་ཚོར་ཟབ་སྦྱོང་ཐོབ་པ་དེ་ཐོབ་ཟིན་པ་རེད། ད་དུང་སླར་ཡང་ཉིན་གྲངས་ ༤༥ རིང་ཟབ་སྦྱོང་ཐོབ་པ་འདི་དགའ་བ་སྒོམ་དགོས་པ་ཞིག་ཆགས་ཡོད། འགྲིག་པ་རེད་བསམ་གྱི་འདུག ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་སྒེར་དབང་གང་ཡོད་ཅེ་ན། ལས་བྱེད་ཁོངས་ཚུད་ཟིན་པ་ཡིན་ནའང་རེད། ལས་བྱེད་ཡིན་བཞིན་པ་དེ་དག་ལ་ཟབ་སྦྱོང་གནང་རྒྱུ་ནི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒེར་དབང་ཡིན་སྟབས་གནང་དགོས་ཀྱི་ཡོད།
གལ་ཏེ་རྣམ་པ་ཚོ་ལ་འདིར་ཉིན་གྲངས་ ༤༥ རིང་ཟབ་སྦྱོང་གནང་མེད་པ་ཡིན་ན། ལས་བྱེད་ནང་འཛུལ་རྗེས་དུས་ཚོད་ངེས་མེད་རིང་ཟབ་སྦྱོང་གནང་གི་རེད། ད་ལྟ་ཡིན་ནའང་ཟབ་སྦྱོང་འགྲོ་དང་འགྲོ་བཞིན་པ་རེད། རྒྱ་གར་གི་ས་གནས་དང་དབུས་གཞུང་གི་ཟབ་སྦྱོང་བསྟི་གནས་ཁང་ཁག་ཏུ་གཏང་སྲིད་པ་རེད། དེ་མིན་ང་ཚོ་རང་གིས་གོ་སྒྲིག་བྱས་ཏེ་ཟབ་སྦྱོང་སྤྲད་སྲིད་པ་རེད། ཟབ་སྦྱོང་གནང་དགོས་ཀྱི་ཡོད་པ་འདེམས་བསྐོ་ལྷན་ཁང་གི་སྒེར་དབང་ཆགས་ཡོད་པ་མ་ཟད། གནང་དགོས་ཀྱི་ཡོད་པ་རེད།
རྣམ་པ་ཚོ་སྲི་ཞུའི་ལས་བྱེད་ཁོངས་འདེམས་ཐོན་བྱུང་བར་བརྟེན་དེ་རིང་བསྐྱར་དུ་ཟབ་སྦྱོང་གནང་དགོས་དོན་ནི་གནད་འགག་ཆགས་ཡོད། དེ་སྔ་ཡིན་ནའང་ས་རཱ་མཐོ་སློབ་ཏུ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཟབ་སྦྱོང་གནང་བ་དེ་འདྲ་བྱུང་ཡོད། འོན་ཀྱང་དེ་ཏག་ཏག་བསྡད་མེད། གོང་དུ་ཞུས་པ་བཞིན་སྒེར་དབང་དང་ཏག་ཏག་མཐུན་གྱི་མེད། ལས་བྱེད་མིན་པ་ཞིག་ལ་འདེམས་བསྐོ་ལྷན་ཁང་ནས་ཟབ་སྦྱོང་སྤྲོད་དགོས་པ་སྒེར་དབང་ནང་མེད། དེར་བརྟེན་ཟབ་སྦྱོང་དེ་དག་ཐོག་འདེམས་བསྐོ་ལྷན་ཁང་ནས་དམིགས་བསལ་ཐེ་བྱུས་བྱེད་ཀྱི་མེད། ཟབ་སྦྱོང་ལ་ཐེ་བྱུས་གནང་གི་མེད་ཅེས་པ་ནི་གོ་སྒྲིག་ཞུ་ཡི་མེད། ཐེ་བྱུས་མེད་པ་རང་གང་ཡང་མིན། འབྲེལ་ཡོད་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་དང་། དེ་བཞིན་ལས་བྱེད་བླང་དོར་སྒྲིག་གཞིའི་སྐོར་ལམ་སྟོན་གནང་རོགས་ཞེས་གསུང་པ་ཡིན་ན་བཅར་གྱི་ཡོད། འདིའི་སྐོར་རྣམ་པ་ཚོར་འགྲེལ་བཤད་ཞུ་ན་བསམ་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་།
མཇུག་ཏུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཟབ་སྦྱོང་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །