ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ཉིན་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ།
སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཐུས་སྤྱི་འཐུས་པདྨ་བདེ་ལེགས་ལགས་དང་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་ལགས། ཚོགས་གཞོན་ཚེ་དབང་བསྟན་འཛིན་ལགས་ཀྱིས་གཙོས་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་སོགས་ཁྱོན་མི་གྲངས་ ༧༠ ལྷག་ཙམ་ལྷན་འཛོམས་ཀྱིས་ཐོག་མར་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་ཕུལ་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས།
དེ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཞོན་ཚེ་དབང་བསྟན་འཛིན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་ཚོགས་ཆེན་སྐོར་ངོ་སྤྲོད་དང་འབྲེལ་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་གྲུབ་མཚམས་སྐུ་མགྲོན་རྣམས་ནས་ཤས་བདག་མཉམ་འབྲེལ་ཚོགས་མིའི་ཕྲུ་གུ་བཅུ་ལ་སློབ་ཡོན་རྒྱབ་སྐྱོར་རྒྱན་ཤོག་འཐེན་རྗེས་སྒྲོགས་སྦྱང་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་བཅས་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཕྱི་ལོ་ ༢༠༡༨་་༢༠༡༩ ལོའི་རྩིས་ཁུངས་ནས་ས་གནས་མཉམ་འབྲེལ་ཁག་ལ་ཧིན་སྒོར་འབུམ་གཉིས་རེ་གནང་གྲུབ་བསྟུན་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ངས་བཀའ་བློན་ཁྲི་པའི་དམ་བཅའ་ཞུས་ཏེ་ཉིན་གྲངས་བཞིའི་རྗེས་ཏེ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༡ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ རྡ་ས་གངས་སྐྱིད་སྤྱི་ཐབས་ཡང་སྟེང་དུ་ཚོགས་སྐབས་བཅར་རྒྱུ་བྱུང་། དེ་ནས་གཞིས་ཆགས་ཁག་ཏུ་བོད་མིའི་མཉམ་འབྲེལ་ཚོགས་ཆེན་ཚོགས་སྐབས་མགྲོན་ཤོག་འབྱོར་བྱུང་ཡང་ད་བར་བཅར་རྒྱུ་མ་བྱུང་། གོང་དུ་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་རྣམ་རྒྱལ་ལགས་ཀྱི་གསུང་པ་ལྟར། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཉིན་མཚན་མེད་པར་སྐུ་ལས་སྐྱོན་མཁན་རྣམས་དེ་རིང་འདིར་དངོས་སུ་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གཞིས་ཆགས་སྲ་བརྟན་དགོས་པ་དང་། མཉམ་འབྲེལ་དེ་དག་ག་འདྲ་བྱེད་ཀྱི་འདུག་ཅེས་བཀའ་རྩད་ཕེབས་ཀྱི་འདུག་པ་མ་ཟད། མཉམ་འབྲེལ་ཁག་ལ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་ནས་ཕྱག་རོགས་གནང་དགོས་པའི་ལམ་སྟོན་ཕེབས་ཀྱི་འདུག དེར་བརྟེན་ད་བར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གང་ཐུབ་ཅི་ཐུབ་གནང་ཡོད་པ་མ་ཟད། མ་འོངས་པར་མཐུན་འགྱུར་སྦྱར་དགོས་རིགས་བྱུང་ན། ང་ཚོས་འབད་བརྩོན་ཞུ་རྒྱུ་ཡིན།
སྤྱིར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མིའི་མཉམ་འབྲེལ་བཙུགས་དགོས་དོན་དང་། ཕྱག་ལས་གནང་སྟངས། ཡར་རྒྱས་གཏོང་དགོས་པ་གང་ཡོད་སྐོར་གསུང་བཤད་གཟབ་རྒྱས་གནང་སོང་། བཀའ་ཤག་གི་ངོས་ནས་ཀྱང་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་བགྲོ་གླེང་མང་པོ་ཞིག་འགྲོ་བཞིན་ཡོད། ལོ་ལྔའི་རིང་དབུ་མའི་ལམ་གཞིར་བཟུང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་སྤྱི་ཡོངས་ནས་འབད་བརྩོན་གནང་རྒྱུ་གང་ཡོད་པ་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། དེ་ནས་ལོ་ལྔ་བཅུའི་རིང་གང་གནང་རྒྱུ་ཡོད། ལྔ་དང་ལྔ་བཅུའི་འཆར་སྣང་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང་དགོངས་པ་རེད་ཅེས་ཞུ་ན་འགྲིག་གི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ཞེས་བཀའ་སློབ་ཕེབས་པ་ནང་བཞིན་འཕྲལ་ཕུགས་གཉིས་ཀར་འཆར་གཞི་བཏིང་ནས་འགྲོ་དགོས། ཕྱོགས་གཅིག་ནས་ལོ་ལྔའི་ནང་དབུ་མའི་ལམ་གཞིར་བཟུང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ན། ང་ཚོའི་རྒྱལ་ཁ་རེད། ལོ་ལྔ་བཅུ་རིང་བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་བོད་མིའི་སེམས་ཤུགས་དང་ཞུམ་པ་མེད་པའི་སྙིང་སྟོབས་མུ་མཐུད་གནས་པ། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མུ་མཐུད་གནས་ཐུབ་ན། ལོ་ལྔ་བཅུའི་ནང་རྒྱ་ནག་འགྱུར་བ་འགྲོ་རྒྱུ་ངེས་པ་རེད། རྒྱ་ནག་འགྱུར་བ་ཕྱིན་པ་ཡིན་ན་བོད་ཀྱི་གནས་སྟངས་འགྱུར་བ་འགྲོ་གི་རེད། ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཀྱི་རེད། དེར་བརྟེན་ལྔ་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོད་པ་མ་ཟད་ལྔ་བཅུ་ལའང་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོད། ང་ཚོས་ལས་ཀ་གང་བྱེད་པ་ཡིན་ནའང་འཕྲལ་ཕུགས་རྒྱང་གསུམ་གཞི་ལ་བཞག་པའི་ཐོག་ནས་དགོངས་པ་བཞེས་ཏེ་ཕེབས་དགོས་ཀྱི་འདུག
དེའི་སླད་ང་ཚོས་ཆབ་སྲིད་ཐོག་ནས་འབད་བརྩོན་གང་བྱེད་དགོས་ཞེས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༠ ནང་ཚོགས་འདུ་ཚོགས་པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་སྟེ་བཀའ་སློབ་སྩལ་ཡོད། སྐབས་དེར་ང་ཚོའི་གྲོགས་པོ་རྙིང་པ་གདན་འདྲེན་ཞུས་ཏེ་རྒྱལ་སྤྱིའི་ཐོག་ནས་གནང་རྒྱུ་གང་ཡོད་པ་དང་། ནང་པའི་རྒྱལ་ཁབ་ཁག་ནས་གནང་རྒྱུ་གང་ཡོད་པ། ཨེ་ཤི་ཡའི་ནང་གནང་རྒྱུ་གང་ཡོད། བོད་དང་རྒྱ་ནག་ནང་འགྱུར་ལྡོག་ཇི་ལྟར་འགྲོ་བཞིན་ཡོད་པ། བཙན་བྱོལ་ནང་བྱེད་རྒྱུ་གང་ཡོད་པ་སོགས་ཀྱི་སྐོར་བཀའ་བསྡུར་གནང་སྟེ་དགོངས་ཚུལ་ཕེབས་པ་ཡོངས་རྫོགས་ཕྱི་གསལ་ནང་གསལ་བྱས་ནས་བོད་ཀྱི་བརྙན་འཕྲིན་དང་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་བརྒྱུད་བཀྲམ་ཡོད།
ཆབ་སྲིད་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་ཆར་བའི་རྗེས་སུ་འདི་ལྟ་བུའི་ཚོགས་འདུ་འཚོགས་དགོས་ཀྱི་འདུག་ཅེས་གསུངས་པར་བརྟེན། དཔལ་འབྱོར་དང་ཤེས་ཡོན། འཕྲོད་བསྟེན། རིག་གཞུང་སྐོར་ཚོགས་འདུ་ཚོགས་སྐབས་འཛམ་གླིང་ཡོངས་ནས་གནད་ཡོད་མི་སྣ་དང་མཁས་དབང་ཧ་ཅང་མང་པོ་ཕེབས་པ་རེད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། གཞིས་ཆགས་གཅིག་བསྡུས་ཡར་རྒྱས་འཆར་གཞིའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསར་འདེམས་ཀྱི་སྒྲིག་གཞིར་འགྱུར་བ་ཕྱིན་ཡོད་སྐོར། དེ་སྔ་ཡིན་ན་དགོས་ངེས་ཆ་རྐྱེན་ཁོངས་གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ངེས་པར་དུ་དགོས་ཀྱི་ཡོད་ཀྱང་སླད་ཕྱིན་དཔྱ་ཁྲལ་ལག་དེབ་ཡོད་ན། བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་འཚང་སྙན་འབུལ་ཆོག་གི་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
མཐར་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཐུས་སྤྱི་འཐུས་པདྨ་བདེ་ལེགས་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །