ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ ༼ བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་པའི་སྐོར་། ༽ ཞེས་པའི་པར་རིས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་།
དེ་ཡང་གོང་ཚེས་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་མཆོག ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་འགྲེམས་སྟོན་ཚན་པའི་ལས་བྱེད། བཞུགས་སྒར་རྡ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་མཉམ་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་མཆོག་རྣམ་གཉིས་ཀྱིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་སྦྲགས་པར་རིས་ལ་གཟིགས་ཞིབ་གནང་།
དེ་རྗེས་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གསུང་བཤད་གནང་རྗེས་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་ཐེངས་གཉིས་པའི་སྐུ་ཚབ་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་ནས་གཟིགས་སྐོར་ཐེངས་གཉིས་པའི་སྐབས་མྱོང་ཚོར་ཇི་བྱུང་སྐོར་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།
དེ་རྗེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་པའི་སྐོར། ཞེས་པའི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་དུས་ཐུང་གི་པར་རིས་འགྲེམས་སྟོན་དེ་བཞིན་དྲན་གསོ་བྱེད་རྒྱུའི་གནས་ཚུལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། སྐུ་ཚབ་དང་པོ་བོད་ལ་གཟིགས་སྐོར་ཕེབས་ཏེ་ད་བར་ལོ་ ༤༠ འགྲོ་བཞིན་ཡོད། ཕྱི་ལོ་ ༡༩༥༩ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་སྐབས་ཀྱི་དམིགས་ཡུལ་གཙོ་བོ་ནི། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྡུས་པའི་རང་དབང་རང་བཙན་གཙང་མ་བསྐྱར་གསོ་བྱ་རྒྱུའི་ལངས་ཕྱོགས་དེ་ཆགས་ཡོད།
དེ་ནས་རིམ་པས་ཕྱི་ལོ་ ༡༩༦༧་་་༦༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སྐབས་དེའི་བཀའ་བློན་དང་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམས་དང་ལྷན་མ་འོངས་པར་རྒྱ་ནག་དང་ལྷན་དུ་འབྲེལ་བ་བྱེད་སྐབས་ལངས་ཕྱོགས་གཅིག་གཏན་འབེེབས་དགོས་པའི་དགོངས་བཞེད་ལྟར། ཕྱི་ལོ་ ༡༩༧༤ ལོར་འབྱུང་འགྱུར་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱ་རྒྱུའི་དུས་སྐབས་ཞིག་ཤར་ཚེ་ང་ཚོས་བོད་རང་བཙན་མ་རྩོད་པར་གཉིས་སྨན་གྱི་ཐབས་ལམ་ཞིག་ཐོག་ཕེབས་རྒྱུའི་དགོངས་བཞེད་ལྟར་གྲ་སྒྲིག་མཛད་ཡོད། དེ་རྗེས་རྒྱ་ནག་ཏུ་མའོ་ཙེ་ཏུང་གྲོངས་རྗེས་འགྱུར་བ་ཆེན་པོ་ཕྱིན་ཡོད།
ཕྱི་ལོ་ ༡༩༧༩ ལོར་ཏིང་ཞོ་ཕིང་ Deng Xiaoping རྒྱ་ནག་གི་འགོ་ཁྲིད་ཡིན་པའི་སྐབས། ཁོང་གིས་རང་བཙན་མ་རྩོད་པའི་ཐོག་ནས་བཀའ་མོལ་གང་གནང་ཡང་འགྲིག་ཚུལ་གསུངས་ཡོད།
དེེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བོད་དུ་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་ཐུབ་པ་བྱུང་ཡོད། གཟིགས་སྐོར་སྐུ་ཚབ་དང་པོ་དེ་བཞིན་ཕྱི་ལོ་ ༡༩༧༩ དང་། སྐུ་ཚབ་གཉིས་པ་ཕྱི་ལོ་ ༡༩༨༠ ༼ དེང་དུས་ཀྱི་ཤེས་ཡོན་ཅན་གཞོན་སྐྱེས་ཀྱི་སྐུ་ཚབ་ཁག་གཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་༽ ། སྐུ་ཚབ་གསུམ་པ་ཕྱི་ལོ་ ༡༩༨༠ ༼ ཤེས་རིག་གི་སྐུ་ཚབ་ཁག་གཅིག༽ སྐུ་ཚབ་བཞི་པ་ཕྱི་ལོ་ ༡༩༨༥ བཅས་ཕེབས་ཏེ་བོད་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱེད་ཐུབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་བློ་བཟང་དར་རྒྱས་མཆོག་གིས་བོད་ནང་གི་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་དང་པོའི་མྱོང་ཚོར་དང་། སྐབས་དེའི་བོད་ནང་གི་གནས་སྟངས་སྐོར་གསུང་དོན། ཕྲན་རང་སྐུ་ཚབ་དང་པོའི་ཚོགས་མི་ཞིག་ཡིན་པར་བརྟེན་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་པའི་སྐོར་ཞེས་པའི་པར་རིས་འགྲེམས་སྟོན་དེ་བཞིན་གལ་ཆེ་བརྩིས་པའི་ཐོག་ནས་བཅར་བ་ཡིན། ངས་སྙིང་སྡུས་ཤིག་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་རང་བཙན་ཤོར་ནས་བོད་གཞིས་བྱེས་གཉིས་དབར་ལོ་ཉི་ཤུའི་རིང་སྤྱི་སྒེར་གང་ཐད་ནས་འབྲེལ་ལམ་མེད་སྟབས་གོ་རྟོགས་རྟོགས་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་ལྟར། མི་དང་མིའི་དབར་བཀའ་མོལ་གྱི་ལམ་ནས་དཀའ་ངལ་སེལ་དགོས། ཞེས་བཀའ་སློབ་སྩལ་ཡོད། སྐུ་ཚབ་རྣམས་བོད་ནང་གཟིགས་སྐོར་དུ་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། གཞིས་ལུས་བོད་མི་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་སླད་ཡིན།
བོད་ནང་སླེབས་རྗེས་མྱོང་ཚོར་ནི། གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཆེེན་པོ་ཞུ་བཞིན་ཡོད་པ་དང་། ཕྱོགས་མཚུངས་བོད་མིའི་སྐུ་ཚབ་རྣམས་ལའང་སེམས་ཚོར་ཆེན་པོས་དགའ་བསུའི་འཚམས་འདྲི་གནང་ཡོད། ཅེས་དང་།
ཕྱོགས་མཚུངས་བོད་ནང་གི་ཁོར་ཡུག་གནས་སྟངས་ཚབས་ཆེན་ཡིན་པའི་སྐོར་དང་། དགོན་པ་དང་སྐུ་གསུང་ཐུགས་རྟེན་སོགས་གཏོར་བཤིག་བཏང་བའི་སྐོར། ལོ་ ༢༠ རིང་གཞིས་བཞུགས་བོད་མི་རྣམས་ལ་དཀའ་སྡུག་ཇི་ལྟར་ཕྲད་ཡོད་སྐོར་སྤྱི་དང་། ལྷག་པར་བོད་མི་སྒེར་གྱི་དཀའ་སྡུག་ཇི་ལྟར་མྱངས་པའི་སྐོར་མངོན་གསལ་དོད་པོའི་ཤེས་རྟོགས་བྱུང་། ཞེས་སོགས་གསུང་བཤད་གནང་མཚམས་སྐུ་མགྲོན་ཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཐོག་མར་འདིར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་པར་རིས་འགྲེམས་སྟོན་དུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཕེབས་པ་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞི་རྩའི་མཛད་སྒོ་ཆུང་ཆུང་རེད་དེ་ལོ་རྒྱུས་ཐོག་ནས་ཧ་ཅང་གལ་ཆེན་པོ་ཞིག་ཡིན། གོང་དུ་ཐེངས་དང་པོའི་སྐུ་ཚབ་བློ་བཟང་དར་རྒྱས་མཆོག་དང་། ཐེངས་གཉིས་པའི་སྐུ་ཚབ་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་ནས་གཟིགས་སྐོར་སྐབས་མྱོང་ཚོར་ཇི་བྱུང་སྐོར་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ནས་འགྲེམས་སྟོན་ཁང་ཆེ་རུའམ་གསར་རྒྱག་གནང་དགོས་པའི་དམིགས་ཡུལ་ནི། མི་ཐོག་རྒན་པ་རྣམས་ནས་སྐུ་ལས་ཇི་ལྟར་སྐྱོན་པའི་པར་རིས་རྣམས་ཉར་ཚགས་བྱ་རྒྱུའི་ཆེད་དུ་ཡིན། ཉར་ཚགས་བྱས་ཏེ་འགྲེམས་སྤེལ་བྱ་རྒྱུ་རེད། པར་རིས་ལམ་ནས་ང་ཚོས་ལོ་རྒྱུས་མཐོང་གི་རེད། ལོ་རྒྱུས་རྣམས་ནམ་ཡང་བརྗེད་རྒྱུ་མེད། རྒྱ་ནག་གཞུང་གི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུ་དེ་ཡིན། བོད་ནང་དུ་རྒྱ་ནག་གཞུང་གིས་ཆོལ་གསུམ་དབྱེར་མེད་ཐོག་སྡུག་པོ་གཏོང་བཞིན་ཡོད་སྟབས་འདིར་ང་ཚོས་བཙན་བྱོལ་ནང་དུ་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
བོད་ཀྱི་ལོ་རྒྱུས་དང་། བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་པའི་སྐོར་སོགས་བོད་ཀྱི་གཞོན་སྐྱེས་རྣམས་ནས་ངེས་པར་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་འགྲེམས་སྟོན་ལས་བྱེད་ཡེ་ཤེས་དབང་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་དབུ་འབྱེད་མཛད་སྒོ་གྲོལ།
སྤྱིར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ཟླ་གསུམ་མཚམས་དུས་ཐུང་པར་རིས་འགྲེམས་སྟོན་རེ་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་པར་བརྟེན། ཐེངས་འདིར་དུས་ཐུང་ཀྱི་པར་རིས་འགྲེམས་སྟོན་དེ་བཞིན་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་པའི་སྐོར་ཡིན་འདུག་པ་བཅས།