ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འབྲུག་བསྟན་སྐྱིད་ལགས་དང་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་སྦེང་ལོར་དང་། ཆེ་ན་ཡི། མུམ་བྷེའི་ནང་སྐོར་སྐྱོད་ཀྱིས་རྒྱ་གར་རྒྱལ་ཡོངས་ཁྲིམས་ལུགས་མཐོ་སློབ་ཁང་ The National Law School India University དང་། སན་ཊི་འཇོ་སེ་ཧྥིའི་སྒྱུ་རྩལ་དང་ཚན་རིག་མཐོ་སློབ་ཁང་། St. Joseph’s College of Arts and Science མ་ཌི་ར་སི་ཡི་ཤུའི་མཐོ་སློབ་ཁང་། Madras Christian College མ་ཌི་ར་སི་མཐོ་སློབ་ཁང་། Madras University ཊ་ཊ་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་། TATA Institute of Social Sciences ༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་གཞོན་སྐྱེས་མཐོ་རིམ་སློབ་མ་རྣམས་གཙོ་བོར་གྱུར་བའི་དགེ་རྒན་དང་ལས་བྱེད་སོགས་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། སྐད་ཡིག་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་བོད་དཀར་མཛེས་ཁུལ་གྱི་ནང་བསྟན་སློབ་གཉེར་ཁང་ཆེ་གྲས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་གཏོར་བཤིག་ཚབས་ཆེན་བཏང་བ་དང་། གྲྭ་བཙུན་ཕྱིར་འབུད་བཏང་བ། བོད་མི་ཚོ་དོན་མེད་འཛིན་བཟུང་བཀག་ཉར་དང་མནར་གཅོད་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་སོང་བ། རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད།
གཞན་ཡང་རྒྱ་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་སྐུའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐད་ཐེ་གཏོགས་བྱེད་བཞིན་པའི་སྐོར། མཐོ་རིམ་སློབ་མ་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཞིབ་འཇུག་གི་ལམ་ནས་རྩོམ་ཡིག་གང་མང་སྤེལ་དགོས་པའི་འབོད་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་རྗེས་དྲི་བ་དྲིས་ལན་ཁ་གསལ་གནང་ཡོད།
ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་གོང་གི་གནད་དོན་དང་འབྲེལ་བའི་སྐོར་གསུང་དོན། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་སྐབས་མཐོ་སློབ་ཁང་གི་དགེ་རྒན་དང་སློབ་མ་ཚོས་དགའ་ཚོར་དང་བཅས་དོ་སྣང་ཧ་ཅང་ཡག་པོ་གནང་སོང་། ཞེས་གསུངས།།