༢༠༡༩ ཟླ་ ༨ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༩ ཟླ་ ༨ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་ཐུན་མོང་ཐོག་ཐེ་ཝན་རང་དབང་ཐང་ཆེན་མདུན་ཕྱི་ཟླ་ ༧ ཚེས་ ༡༠ ནས་བདུན་ཕྲག་གཅིག་རིང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཞེས་པའི་བོད་དོན་ངོ་སྤྲོད་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་རེད། འགྲེམས་སྟོན་གྱི་ནང་དོན་གཙོ་བོ་བོད་ལུགས་ཀྱི་རས་གུར་ནང་བོད་ཀྱི་གནའ་བོའི་རྒྱལ་རབས་ལོ་རྒྱུས་འབྱུང་རིམ་དང་། རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་བཟུང་། བོད་མིས་རྒྱ་གཞུང་ལ་ངོ་རྒོལ་སོགས་པར་རིས་དང་ངོ་སྤྲོད་མཉམ་སྦྱར། བོད་དོན་ངོ་སྤྲོད་ཀྱི་གངས་ལྗོངས་དེབ་ཕྲེང་ཁྱོན་གྲངས་ ༣༥ སོགས་སྒྲིག་བཤམས་གནང་ཡོད་པ་རེད།
འགྲེམས་སྟོན་གོ་སྒྲིག་ཞུ་བའི་དམིགས་ཡུལ་གང་ཡིན་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་གསུང་དོན། ལོ་ལྟར་ཐེ་ཝན་དོན་ཁང་དང་ཐེ་སྡོད་བོད་རིགས་ཚོགས་པ་མཉམ་རུབ་ཐོག་བོད་དོན་ངོ་སྤྲོད་ཀྱི་འགྲེམས་སྟོན་ཐེངས་གཉིས་སྤེལ་གྱི་ཡོད་པ་རེད། འདི་ལོ་གསུམ་བཅུའི་དུས་དྲན་གྱི་སྔོན་ཙམ་ལ་ཐེངས་གཅིག་སྤེལ་ཟིན་པ་རེད། ཐེངས་གཉིས་པ་དེ་གཟའ་འཁོར་གཉིས་ཙམ་འགྲེམས་སྟོན་བཤམས་རྒྱུའི་འཆར་གཞི་ཡོད་ཀྱང་ཐེ་ཝན་ནང་རླུང་འཚུབ་ཡོང་བའི་རྐྱེན་གྱིས་གཟའ་འཁོར་གཅིག་ལས་སྤེལ་ཐུབ་མ་སོང་། སྔོན་མ་ཡིན་ན་རྒྱ་ནག་སྐམ་ས་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་རེད། འོན་ཀྱང་ཐེ་ཝན་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་སླེབས་གྲབས་ཡོད་པ་དང་། ཉེ་བའི་འཆར་ཧོང་ཀོང་ནང་མི་མང་གི་ལས་འགུལ་ཆེན་པོ་སྤེལ་བཞིན་ཡོད་པས། གནས་ཚུལ་དེ་དག་རྒྱ་ནག་མི་མང་གིས་ཤེས་རྟོག་ཡོང་གི་རེད་སྙམ་པའི་སེམས་འཚབ་ཡོང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་རང་གི་མི་མང་ཐེ་ཝན་ནང་ཡུལ་སྐོར་སྤྲོ་འཆམ་འགྲོ་བསྐྱོད་བཀག་འགོག་བྱས་འདུག ང་ཚོའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་མི་མང་ཚོས་བོད་ཀྱི་གནད་དོན་ཤེས་རྟོགས་ཡོང་ཆེད་ཡིན་པས་ད་རེས་གྲུབ་འབྲས་དེ་ཙམ་ཐོན་མ་སོང་ཡང་། གསང་བའི་ཐོག་ནས་རྒྱ་ནག་ཡུལ་མི་རེ་ཟུང་འགྲེམས་སྟོན་བལྟ་བར་སླེབས་སོང་ཞེས་ངོ་སྤྲོད་གནང་སོང་།
ལོ་ལྟར་འགྲེམས་སྟོན་བཤམས་རྒྱུ་དང་། བསྡུ་གསོག་སོགས་ལས་དོན་ཁག་དོན་ཁང་གི་ལས་བྱེད་དང་། ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་མི། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མི་བཅས་ནས་འགན་འཁུར་གནང་གི་ཡོད་སྟབས། གཞུང་དངུལ་བསྲི་ཚགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད།