༢༠༡༩ ཟླ་ ༨ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་མ་ན་ལི་གྲོང་ཁྱེར་དུ་ཆགས་པའི་འོན་མངའ་རིས་གྲྭ་ཚང་དུ་ཨ་རི་མི་ནི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། དེ་རིང་འདིར་དད་དམ་གཡོ་བ་མེད་པའི་མི་ནི་སོ་ཊ་ནས་ཡོང་བ་ཁྱེད་ཚོ་དང་ངོས་རང་སྔ་མོ་ནས་ངོ་ཤེས་རེད། ཁྱེད་ཚོས་ཡི་གེ་ཞིག་བཏང་བ་འདིར་འབྱོར་བྱུང་བ་མ་ཟད།་ངག་ཐོག་ནས་ཀྱང་འགྲེལ་བརྗོད་བྱས་བྱུང་། གང་ལྟར་ངོས་ཀྱི་འཕྲོད་བསྟེན་ཐོག་ཁྱེད་ཚོས་དམིགས་བསལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དེ་སྔ་ཡིན་ན་ངོས་རང་ཨ་རིའི་མེ་ཡོ་སྨན་ཁང་དུ་ལོ་ལྟར་ལུས་པོ་བརྟག་དཔྱད་ཆེད་འགྲོ་ཡི་ཡོད། བར་སྐབས་ནས་ཡུ་རོབ་དང་ཨ་རི། ལྷག་པར་ཨ་རི་ལྟ་བུའི་ནང་འགྲོ་རྒྱུ་དེ་ཧ་ཅང་ས་ཐག་རིང་པོ་ཆགས་པར་བརྟེན་ངོས་རང་ཁུལ་དེར་འགྲོ་རྒྱུར་དཀའ་ངལ་ཏོག་ཙམ་འཕྲད་བཞིན་ཡོད།
དེར་བརྟེན་ནམ་རྒྱུན་འཆར་ཅན་དུས་དུས་སུ་ལུས་པོ་བརྟག་དཔྱད་བྱ་རྒྱུ་དེ་རྒྱ་གར་སྨན་ཁང་ནང་བྱས་པ་ཡིན། ཉེ་ཆར་ནས་བཟུང་ལྡི་ལིར་ཡོད་པའི་རྒྱ་གར་གཞུང་གི་སྨན་ཁང་ནས་དམིགས་བསལ་དོ་སྣང་ཞིག་གནང་གི་འདུག རྒྱུ་མཚན་གཅིག་ནི་ཏོག་ཙམ་ཛ་དྲག་ན་བ་ཡིན་ན་ཨ་རིར་འགྲོ་རྒྱུ་ཟེར་བ་ཁག་པོ་རེད། དེར་བརྟེན་ལྡི་ལི་སྟབས་བདེ་ཡོད། དགོས་གལ་བྱུང་ཚེ་ཨ་རིའི་མེ་ཡོ་སྨན་ཁང་གི་སྨན་པ་རྣམས་ངོས་དང་སྔ་མོ་ནས་ངོ་ཤེས་ཡིན་སྟབས། སྨན་པ་འགའ་ཤས་འདིར་གདན་ཞུ་བྱ་རྒྱུ་དེ་འདྲ་ངོས་ཀྱིས་ཞུ་ཐུབ་རྒྱུ་རེད། འགྲོ་སོང་ངོས་ཀྱིས་གཏོང་ཐུབ་རྒྱུ་རེད། ཁྱེད་ཚོས་ཀྱང་ཞལ་འདེབས་ཕྲན་བུ་སྤྲད་པ་ཡིན་ན་འགྲིག་གི་རེད། ངོས་རང་ད་ལྟ་ལོ་བརྒྱད་ཅུ་གྱ་བཞི་རེད། དགེ་འདུན་གྲུབ་པའི་དགུང་ལོའི་ཚད་དེ་སླེབས་ཟིན་པ་རེད། འོན་ཀྱང་ལུས་པོ་ཧ་ཅང་བདེ་པོ་ཡོད། ལྟོ་ཆས་རྒྱགས་ཚད་ཟ་ཡི་ཡོད། ལྟོ་ཆས་རྒྱགས་ཚད་བཟས་པར་བརྟེན་གསང་སྤྱོད་ནང་ཆབ་གསང་བདེ་ཐག་ཆོད་བབ་གི་འདུག གཙོ་ཆེ་ཤོས་བསམ་བློ་རེད། བསམ་བློར་ངོས་རང་ལོ་བརྒྱ་དང་བཅུ་གཅིག་བར་བསྡད་རྒྱུར་སེམས་ཤུགས་སྒྲིལ་ནས་ཡོད། མཁྱེན་སོང་ངམ། སྔ་མོ་ངོས་ལ་རྨིས་ལམ་ཞིག་བཏང་བྱུང་།
སྔ་མོ་སྔ་མོ་ཡིན་ན་རྨིས་ལམ་ནས་ཚོད་དཔག་བྱས་ན་ལོ་བརྒྱ་དང་བཅུ་གསུམ་ཙམ་རེད། འོན་ཀྱང་ཕྱིས་སུ་ངོས་ཀྱི་རྨིས་ལམ་ཞིག་ནང་དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྒང་ལ་ཡོད་པ་ཞིག་རྨིས་ནས་ངོས་ཀྱི་མཚོ་ཆེན་པོ་ཞིག་ལ་རྐྱལ་རྒྱག་བཞིན་འདུག དཔལ་ལྡན་ལྷོ་མོ་དང་སྐད་ཆ་བཤད་ནས་ཡོད་སྐབས་ལྷ་མོས་ངོས་ལ། ཁྱེད་རང་ལོ་ ༡༡༠ བར་བསྡད་པར་ཐེ་ཚོམ་མེད། ཅེས་གསུང་བྱུང་། དེར་ངོས་རང་ཏོག་ཙམ་ཡིད་ཆེས་ཡོད། སྐབས་རེ་ངོས་ཀྱིས་མོ་རྒྱག་སྐབས་ལོ་བརྒྱ་དང་བཅུ་གཅིག་བར་བསྡད་རྒྱུའི་མོ་ཧ་ཅང་བཟང་པོ་བབ་ཀྱི་འདུག ཁྱེད་ཚོ་བློ་བདེ་པོ་བྱོས། ངོས་རང་ཉིད་ཚེ་རིང་པོ་བསྡད་རྒྱུ་དེ་སྒེར་གྱིས་ཚེ་རིང་པོ་ཞིག་བྱུང་ན་བསམ་པ་གཅིག་པུ་མིན། བོད་རྒྱ་ཆེ་མི་མང་གིས་ངོས་ལ་བློ་གཏད་ནས་བསྡད་ཡོད། སྔ་མོ་ཐེངས་ཤིག་ངོས་རང་རྒྱ་གར་ཤར་ཕྱོགས་སུ་གནམ་གྲུའི་ནང་འགྲོ་སྐབས་གནམ་གྲུ་ཧ་ཅང་འཁྲུགས་བྱུང་། སྐབས་དེར་ངོས་རང་མི་གཅིག་འཆི་བར་སྐྱོན་མེད། འོན་ཀྱང་བོད་མི་ས་ཡ་དྲུག་གིས་ངོས་ལ་བློ་གཏད་ནས་ཡོད་སྟབས་དེ་ཚོ་གང་དྲག་བསམ་པ་དྲན་བྱུང་། དེར་བརྟེན་བོད་རྒྱ་ཆེ་མི་མང་གིས་ངོས་རང་ནམ་ཡང་བརྗེད་ཀྱི་མེད། ངོས་ནས་ཀྱང་བོད་རྒྱ་ཆེ་མི་མང་དུས་ནམ་ཡང་བརྗེད་ཀྱི་མ་རེད། ཁྱེད་ཚོ་བོད་མི་ས་ཁུལ་གང་དུ་ཡོད་ཀྱང་ཚང་མས་བོད་གངས་ཅན་པ་ཡིན་བསམ་པའི་ལར་ཞེན་དང་། དད་དམ་གཡོ་བ་མེད་པར་བསྡད་ཀྱི་ཡོད། ཁྱེད་ཚོ་མི་ནི་སོ་ཊར་ཡོད་པའི་བོད་མི་ཚོས་ཀྱང་བསམ་པ་རྣམ་དག་བྱས། ཧུར་ཐག་བྱས་ནས་ཡོད། ཁྱེད་ཚོ་ཚང་མ་བློ་བདེ་པོ་བྱོས།
དེ་རིང་ཁྱེད་ཚོ་ཆེད་མངགས་འདིར་ཡོང་ནས་ངོས་རང་མི་ནི་སོ་ཊར་ཡོང་ཐུབ་ན་ཞེས་རེ་འདུན་བྱས་པ་རེད། ངོས་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཟེར་གྱི་ཡིན། ངོས་རང་མེ་ཡོ་སྨན་ཁང་དུ་འགྲོ་སྐབས་སྡོད་ཡུལ་གནས་ཚང་ཞིག་ཡོད། གནས་ཚང་གི་སྦྱིན་བདག་དང་ཁྱེད་ཚོའི་དབར་འབྲེལ་བ་བྱུང་བ་ཡིན་ན་ངོས་ཀྱི་འཚམས་འདྲི་ཞུ་རོགས། དེའི་ཉེ་འཁྲིས་སུ་ཨ་ནི་དགོན་པ་ཞིག་ཡོད་པ་ཁོང་ཚོས་ངོས་ལ་སེམས་ནང་ཞི་བདེ་ཇི་ལྟར་སྐྲུན་དགོས་པའི་ཐོག་བསམ་པ་རྣམ་དག་གིས་དྲིས་པ་རེད། ཧ་ཅང་སེམས་ཐག་ཉེས་པོ་ཡིན། ཨ་ནི་དེ་དག་དེར་ཡོད་པ་ཡིན་ན་ཁོང་ཚོར་ངོས་ཀྱི་འཚམས་འདྲི་ཡོད་བརྗོད་རོགས། ངོས་རང་གཟུགས་པོ་བདེ་ཐང་ཡིན། ཁྱེད་ཚོ་བློ་བདེ་པོ་བྱོས། མི་ནི་སོ་ཊའི་མང་ཚོགས་ཡོངས་ལ་ངོས་ཀྱིས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། གོང་དུ་བརྗོད་པ་ལྟར་ངོས་རང་ལོ་བརྒྱ་དང་བཅུ་སྐོར་བསྡད་རྒྱུར་ཐེ་ཚོམ་མེད། དེར་བརྟེན་ཁྱེད་ཚོ་ཚང་མ་བློ་བདེ་པོ་བྱོས། ཅེས་བཀའ་སློབ་སྩལ་འདུག །