༢༠༡༩ ཟླ་ ༨ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །གངས་སྐྱོན་གྱི་གོད་ཆག་བྱུང་བའི་ལ་དྭགས་བྱང་ཐང་ས་ཁུལ་བོད་མིའི་འབྲོག་ཁྱིམ་རྣམས་ལ་གུན་སྐྱོབ་རོགས་དངུལ་བགོ་འགྲེམས་ཞུས་གནས། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གིས་དྲག་པོའི་དབང་བསྒྱུར་འོག་གངས་ཅན་པ་རྣམས་ལ་བཟོད་དུ་མེད་པའི་བོད་མི་ས་ཡ་བརྒལ་བའི་ཚེ་སྲོག་ཤོར་བ་དང་། བོད་མི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམ་ཉེས་སུ་བཏང་རྐྱེན་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུས་པས་བོད་མི་འབུམ་ལ་ཉེ་བ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་གྱུར། བཙན་བྱོལ་དུ་གྱར་བའི་གཉན་འཕྲང་ཅན་གྱི་དུས་སྐབས་སུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྨད་བྱུང་ཐབས་མཁས་ཐུགས་རྗེའི་མཛད་འཕྲིན་དང་། རྒྱ་གར་གཞུང་མང་གཉིས་ཀྱི་མཛའ་བརྩེའི་མཐུན་བསྒྱུར་གནང་བ་ལ་བརྟེན་ནས་བོད་མི་རྣམས་བཙན་བྱོལ་དུ་འཚོ་གནས་ཀྱི་རྟེན་གཞི་དང་། རྩ་ཆེའི་ཆོས་དང་རིག་གཞུང་རྒྱུན་འཛིན། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་རྨངས་གཞི་བསྲ་བརྟན་བཙུགས་ཐུབ་པ་བྱུང་ཡོད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བོད་མིའི་འདུ་སྡོད་ཁག་ ༤༥ ཡོད་པ་རྣམས་ལ་འཕྲལ་ཕུག་གཟིགས་སྐྱོང་གནང་དང་གནང་མུས་སུ་ཡོད་ནའང་དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་རྐྱེན་གྱི་ས་ཕྱོགས་གང་སར་འབྱུང་བའི་གནོད་ཚེ་གང་མིན་ཡོང་བཞིན་པ་དང་།
ལྷག་པར་འདི་ལོ་རྒྱ་བོད་ས་མཚམས་ལ་དྭགས་བྱང་ཐང་ས་ཁུལ་ཧེན་ལེ། ཆུ་མུར། ཉོ་མ། གསུམ་མདོ། རྒོད་ཡུལ། ཆུ་ཤུལ། བཀག་གཞུང། ས་སྨད། མ་ཁྱུ་བཅས་ཀྱི་ས་ཁུལ་ཁག་དགུའི་ནང་གཡག་གྲངས་ ༥༦ རྟ་གྲངས་ ༢༢ ལུག་གྲངས་ ༡༠༢༦༤ ར་གྲངས་ ༢༣༥༦ བཅས་འཆི་སྐྱོན་བྱུང་སྟེ་འབྲོག་པ་རྣམས་ལ་ཇི་མི་སྙམས་པའི་གོད་ཆག་བྱུང་བརྟེན་འཚོ་ཐབས་རྒྱུན་གནས་ཐུབ་དཀའ་བའི་གནས་སུ་གྱར་བ་ལས་གྲོལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ལ་སྤྱིར་ས་གནས་སོ་སོར་དངོས་ཡོད་གནས་སྟངས་རྟོགས་ཞིབ་དང་ཛ་དྲག་གུན་སྐྱོབས་ཆེད་ཧིན་སྒོར་ ༥,༠༠,༠༠༠ བཏང་སྟེ་ངལ་སྐྱོབས་ལས་འགུལ་དུས་ཐོག་སྤེལ་པ་དང་འབྲེལ་འདི་ལས་བརྒྱུད་ཕྱི་རྒྱལ་རོགས་ཚོགས་ཁག་དང་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་རིགས་ཡོངས་ལ་ཛ་དྲག་ངལ་སེལ་རོགས་བསྐྱོར་འབོད་བསྐུལ་ཞུས་འབྲས། ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་སྡེའི་ཆེད་ཧིན་སྒོར་ ༥༡,༦༠,༠༠༠ བྱུང་བ་ནས།
༡། ལ་དྭགས་བྱང་ཐང་དུ་གནོད་འཚེ་ཕོག་མཁན་གྱི་འབྲོག་ཁྱིམ་རྣམས་ལ་ར་རེར་སྒོར་ ༣༥༠ དང་། ལུག་རེ་ལ་སྒོར་ ༤༥༠། གཡག་རེ་ལ་སྒོར་ ༢༣༠༠། རྟ་རེ་ལ་སྒོར་ ༡༤༥༠། གཞན་སེམས་ཅན་ཆུང་བ་རེ་ལ་སྒོར་ ༡༤༠ བཅས་ཧིན་སྒོར་ ༢༨,༥༠,༩༣༠ གུན་གསབ་ཏུ་ཕུལ་པ་དང་།
༢། དེ་བཞིན་ལ་དྭགས་བྱང་ཐང་དུ་སྒོ་ཕྱུགས་སེམས་ཅན་འཆི་སྐྱོན་བྱུང་ཡོད་པའི་འབྲོག་པའི་དུད་ཁྱིམ་གྲངས་ ༢༩༢ རྣམས་ལ་དམིགས་བསལ་དགོངས་བཞེད་ཀྱིས་དུད་ཁྱིམ་དེ་དག་གི་འཚོ་ཐབས་སླར་གསོའི་སླད་དུད་ཁྱིམ་རེར་ར་ཕྲུག་གསུམ་རེ་གསར་ཉོའི་ཆེད་སྒོར་ ༦,༠༠༠ དང་། དེའི་སྟེང་ཉམ་ཐག་ཨང་ཐོབ་ཅན་གྱི་དུད་ཁྱིམ་གྲངས་ ༡༤ ལ་ར་ཕྲུག་གཉིས་རེ་གསར་ཉོའི་ཆེད་སྒོར་ ༤,༠༠༠ རེ་འཕར་མ་བཅས་བསྡོམས་སྒོར་ ༡༨,༠༨,༠༠༠ བགོ་འགྲེམས་ཞུས། དེ་འཕྲོས་དངུལ་ལྷག་སྒརོ་ ༡༡༣༦ ས་གནས་ཀྱི་རྩག་རྩིག་འགྲོ་གྲོན་སླད་ཕུལ་ཏེ་ཞལ་འདེབས་གང་བྱུང་བ་རྣམས་མིག་སྨན་མིག་ཐོག་ཏུ་བཏང་ཐུབ་པ་བྱུང་ཡོད།
དེ་བཞིན་ལ་དྭགས་བྱང་ཐང་གི་བོད་མིའི་འབྲོག་ཁྱིམ་རྣམས་ལ་འབྲེལ་ཡོད་མངའ་གཞུང་ནས་ཡུལ་མི་སྤྱི་མཚུངས་ལྟར་རྩ་ཆག་གི་རོགས་སྐྱོར་གནང་ཡོད་པ་བཅས་ལ་འདི་ག་ནང་སྲིད་ལས་ཁུངས་ནས་ལ་དྭགས་བྱང་ཐང་འབྲོག་སྡེའི་དུད་ཁྱིམ་ཡོངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་མངའ་གཞུང་དང་གཏོང་ཕོད་ཅན་གྱི་ཕྱི་ནང་སྤྱི་སྒེར་གྱི་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ།
ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༩ ལ།།