ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།
གསར་འགོད་གསལ་བསྒྲགས།
༄༅། །ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཛ་དྲག་ཐོག་རང་རིགས་རྣམས་གཞིས་འཁོད་ཐུབ་ཐབས་ཀྱི་ལས་དོན་ཞུ་སྒོ་འགོ་འཛུགས་ཞུས་ཤིང་། ནང་སྲིད་ལས་ཁུངས་ཀྱི་དམིགས་ཡུལ་དང་ལས་འགན་གཙོ་བོ་བོད་མིའི་རང་དབང་སླར་གསོའི་བདེན་པའི་འཐབ་རྩོད་ཐོག་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་འཛིན་སྐྱོང་སྤེལ་གསུམ་གྱི་རྨང་གཞི་གཙོ་བོ་རྒྱ་བལ་འབྲུག་གསུམ་གྱི་ནང་བོད་མི་རྣམས་བཙན་བྱོལ་དུ་གནས་སྡོད་རིང་གཞིས་འཁོད་ཐུབ་ཐབས་དང་། གཞིས་ཆགས་ཟིན་པ་རྣམས་ཀྱི་འཚོ་རྟེན་ཕུགས་འཕེར་སྲ་བརྟན་ཡོང་སླད་སོ་ནམ་ལས་གཞི་གཙོ་གྱུར་ཐོག་ལག་ཤེས་དང་། འཕྲུལ་རིགས། ཚོང་ལས་སོགས་ལས་རིགས་འདྲ་མིན་གྱི་གོ་སྐབས་འཛུགས་བསྐྲུན་གསར་རྩོམ་ཞུ་རྒྱུ་དང་།
དེ་བཞིན་མང་ཚོགས་ཁྲོད་ཉམ་ཐག་དང་རྒས་གཅོང་མགོན་མེད་ངལ་ཅན་རིགས་ལ་བལྟ་སྐྱོང་ཞུ་རྒྱུ་བཅས་ཡིན་པ་དང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་སོ་ནམ་གཙོ་གྱུར་གྱི་གཞིས་ཁག་ ༢༤ དང་། བཟོ་ལས་ལ་རྟེན་པའི་གཞིས་ཁག་ ༡༤། གཞན་བོད་མིའི་སྡོད་སྒར་གྲངས་ ༡༨། རྒས་གསོ་ཁང་ ༡༤ བཅས་ཡོད་པ་འདི་དག་གི་གང་ཅིའི་གནས་སྟངས་ལ་གཟིགས་སྐྱོང་འགན་འཁུར་ཞུ་མུས་ཡིན།
དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་རྐྱེན་གྱིས་ས་ཕྱོགས་གང་སར་འབྱུང་བའི་གནོད་ཚེ་གང་མིན་ཡོང་བཞིན་པ་དང་། ལྷག་པར་འདི་ལོ་རྒྱ་བོད་ས་མཚམས་འབྲས་ལྗོངས་ས་ཁུལ་ལྷོ་ནག་དང་འབྲོང་གུག་བཅས་ཀྱི་ས་ཁུལ་ཁག་གཉིས་ནང་གཡག་གྲངས་ ༨༩༠ དང་ལུག་གྲངས་ ༣༠ བཅས་འཆི་སྐྱོན་བྱུང་སྟེ་འབྲོག་པ་རྣམས་ལ་ཇི་མི་སྙམས་པའི་གོད་ཆག་བྱུང་བར་བརྟེན། འཚོ་ཐབས་རྒྱུན་གནས་ཐུབ་དཀའ་བའི་གནས་སུ་གྱར་བ་ལས་གྲོལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་སྒང་ཏོག་ས་གནས་འགོ་འཛིན་ནས་ས་གནས་སོ་སོར་དངོས་ཡོད་གནས་སྟངས་རྟོགས་ཞིབ་དང་འབྲེལ་འདི་ལས་བརྒྱུད་ཛ་དྲག་ངལ་སེལ་རོགས་སྐྱོར་རོགས་ཚོགས་ཤིག་ལ་འབོད་སྐུལ་ཞུས་འབྲས་སུ་ཧིན་སྒོར་ ༡༧,༨༤,༩༥༨ གནང་སོན་བྱུང་བ་ནས་ཆ་ཚང་གཤམ་གསལ་ལྟར་བགོ་འགྲེམས་ཞུ་རྒྱུ།
བྱང་འབྲས་ལྗོངས་འབྲོག་སྡེའི་ས་ཁག་གཉིས་ཀྱི་འབྲོག་པའི་དུད་ཁྱིམ་རྣམས་ལ་གཡག་རེར་སྒོར་ ༢,༠༠༠ དང་ལུག་རེར་སྒོར་ ༡༦༥ བཅས་ཧིན་སྒོར་ ༡༧,༨༤,༩༥༠ གུན་གསབ་དུ་གནང་ཡོད། དེ་འཕྲོས་དངུལ་ལྷག་སྒོར་ ༨ ས་གནས་ཀྱི་རྩག་རྩིག་འགྲོ་གྲོན་སླད་ཕུལ་ཏེ་ཞལ་འདེབས་གང་བྱུང་བ་རྣམས་མིག་སྨན་མིག་ཐོག་ཏུ་བཏང་ཐུབ་པ་བྱུང་ཡོད།
དེ་བཞིན་འབྲས་ལྗོངས་ལྷོ་ནག་དང་འབྲོང་གུག་བོད་མིའི་འབྲོག་ཁྱིམ་རྣམས་ལ་འབྲེལ་ཡོད་མངའ་གཞུང་ནས་ཡུལ་མི་སྤྱི་མཚུངས་ལྟར་གཡག་འཆི་སྐྱོན་བྱུང་ཡོད་མེད་ལ་མ་ལྟོས་པར་གཡག་རེར་དོད་སྒོར་ ༣༠,༠༠༠ རེ་བརྩིས་ཏེ་དུད་ཁྱིམ་རེར་གཡག་གསུམ་གྱི་རིན་འབབ་སྒོར་ ༩༠,༠༠༠ དང་། ཨ་ཤོམ་རྩམ་པ་དང་རྩ་ཐག་བཅས་གནང་ཡོད་པ་བཅས་ལ་འདི་ག་ནང་སྲིད་ལས་ཁུངས་ནས་ལྷོ་ནག་དང་འབྲོང་གུག་འབྲོག་སྡེའི་དུད་ཁྱིམ་ཡོངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་མངའ་གཞུང་དང་གཏོང་ཕོད་ཅན་གྱི་ཕྱི་ནང་སྤྱི་སྒེར་གྱི་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༠ ལ།།