ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༣ འཁོར་བའི་དུས་ཆེན་གྱི་མཛད་སྒོར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་ཡ་ག་ལགས་ནས་སྐུ་མགྲོན་དུ་མགྲོན་འབོད་ཞུས་པ་ལྟར་ཀ་སྦུག་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ལགས་རྣམ་གཉིས་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་མཛད་སྒོར་མཉམ་ཞུགས་གནང་ཡོད། དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཀ་སྦུག་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་Kalimpong Municipality Chairman ར་བྷི་པྲ་དྷན་མཆོག་ཆེད་ཕེབས་གནང་ཡོད།
སྤྱིར་རྒྱ་གར་རང་བཙན་ཉིན་མོའི་དུས་ཆེན་སྲུང་བརྩི་མཛད་སྒོར་ས་གནས་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་གནང་གི་ཡོད་ལ། མཛད་སྒོ་དེའང་ཉིན་གཉིས་རིང་བསྟུད་མར་སྲུང་བརྩི་ཞུ་ཡི་ཡོད། ཐེངས་འདིར་མཛད་སྒོ་གོ་སྒྲིག་ཚོགས་ཆུང་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་རྣམ་གཉིས་མགྲོན་འབོད་ཞུས་པ་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཀྱང་ཆགས་ཡོད།
སྔ་དྲོ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་གྲུབ་མཚམས་སློབ་གྲྭ་ཁག་ནང་ཁུལ་དབར་རུ་སྒྲིག་འགྲན་སྡུར་གནང་ཡོད་པ་དང་། ཐེངས་འདིའི་རུ་སྒྲིག་འགྲན་བསྡུར་ནང་སློབ་གྲྭ་ཁག་གྲངས་ ༢༤ མཉམ་ཞུགས་གནང་ཡོད། རུ་སྒྲིག་འགྲན་སྡུར་ནང་ཀ་སྦུག་གཏན་སློབ་དང་འཕགས་བོད་ནང་པའི་རིག་གནས་སློབ་གཉེར་ཁང ་གི་སློབ་ཕྲུག་རྣམས་མཉམ་ཞུགས་གནང་ཡོད། སློབ་གྲྭ་གཉིས་པོར་རུ་སྒྲིག་འགྲན་སྡུར་ཁྲོད་རྒྱལ་ཁ་ཐོབ་མེད་ཀྱང་ས་གནས་མི་མང་གིས་དགའ་མོས་ཆེན་པོ་གནང་ཡོད་པ་རེད། ཉིན་རྒྱབ་ས་གནས་རྐང་སྤོལ་རུ་ཁག་བཞི་དབར་འགྲན་སྡུར་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།