ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་ཆེས་མཐོའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་ལས་གཞི་ནས་དེ་རིང་བོད་རིགས་སློབ་མ་གསར་པ་གྲངས་ ༡༦ དྲག་འདེམས་ཀྱིས་སློབ་ཡོན་སྩལ་རྒྱུ་དང། དེ་སྔ་ལོ་གཅིག་ གི་སློན་ཡོན་ཐོབ་ཟིན་པའི་བོད་རིགས་སློབ་གཉེར་བ་གྲངས་ ༡༤ བསྐྱར་དུ་དྲག་འདེམས་ཀྱིས་མུ་མཐུད་ལོ་གཅིག་ གི་སློབ་ཡོན་སྩལ་རྒྱུ་ཡིན། དྲག་འདེམས་བྱུང་བའི་སློབ་མ་རེར་མང་ཤོས་སློབ་ཡོན་ཨ་སྒོར་ ༡༠༠༠༠ (ཁྲི་གཅིག) རེ་ཐོབ་རྒྱུ་དང། ཐེངས་འདིའི་སློབ་ཡོན་ཁྱོན་བསྡོམས་ཨ་སྒོར་ ༢༣༩༥༠༠ (ཉིས་འབུམ་སུམ་ཁྲི་དགུ་སྟོང་ལྔ་བརྒྱ།) ཐམ་པ་གསོལ་སྩལ་གནང་ཡོད།
ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གྱི་ལས་གཞི་འདི་ཕྱི་ལོ་ ༢༠༡༡ ལོ་ནས་དབུ་འཛུགས་གནང་བ་ནས་བཟུང་ད་བར་བོད་རིགས་སློབ་གཉེར་བ་གྲངས་ ༡༦༠ སྐོར་ལ་ཨ་སྒོར་ ༢༠༠༠༠༠༠ (ས་ཡ་གཉིས།) སྐོར་སློབ་ཡོན་གནང་ཡོད། སློབ་ཡོན་དེ་དག་རང་རེའི་སློབ་གཉེར་བ་རྣམས་ནས་རང་རང་གིས་བདམས་པའི་སློབ་ཚན་ཐོག་སློབ་སྦྱོང་གཟེངས་ཐོན་བྱུང་བ་དང། གཤིས་སྤྱོད་བཟང་ལ་བྱམས་བརྩེ་ལྡན་པ་སོགས་རྩ་ཆེའི་བོད་ཀྱི་རིག་གཞུང་གོམས་སྲོལ་ལ་གཅེས་སྤྲས་བྱེད་མཁན་བཅས་ལ་གནང་བཞིན་ཡོད།
ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་སློབ་ཡོན་དེ་དག་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིར་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་དགོངས་གཞིའི་ཆ་ཤས་བསྒྲུབ་པའི་ཆེད་དང། བོད་མིའི་སྤྱི་ཚོགས་ནང་མིའི་ནུས་པ་གོང་མཐོར་གཏོང་ཐབས་བཅས་སུ་དམིགས་ནས་གནང་བ་ཞིག་ཡིན།
དེ་སྔ་སློབ་ཡོན་ཐོབ་ཟིན་པའི་བོད་རིགས་སློབ་གཉེར་བ་ཚོ་དང་འདྲ་བ་ ༢༠༡༩ ལོའི་སློབ་ཡོན་ཐོབ་མཁན་གྱི་བོད་རིགས་སློབ་གཉེར་བ་ཚོ་ཡང་ཨ་རི་དང། ཁེ་ན་ཌ། ཧྥ་རན་སི། འཇར་མ་ནི། སུད་ཛར་ལེནྜ་བཅས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཕྲ་གཟུགས་སྐྱེ་དངོས་རིག་པ་དང། སྨན་སྦྱོར་རིག་པ། ཁྲིམས་ལུགས་རིིག་པ། ཁྲིམས་ལུགས་མཚུངས་བསྡུར། རྒྱལ་སྤྱིའི་ཤེས་ཡོན་རིག་པ་བཅས་ཀྱི་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ ཡོད། སློབ་སྦྱོང་མཐར་སོན་པའི་སློབ་གཉེར་བ་རྣམས་ནས་ཚོང་ལས་འཛིན་སྐྱོང་དང། ཀམ་པུ་ཀྲར་ཚན་རིག རྒྱལ་སྤྱིའི་གནད་དོན། ཕྲ་བའི་གློག་རྡུལ་མ་ལག འཕྲུལ་ལས་རིག་པ། དཔལ་འབྱོར་རིག་པ་བཅས་སོ་སོར་རིགས་ གཅིག་རྐང་འཛིན་གྱི་ཆེད་ལས་མཁས་པར་གྱུར་ཡོད།
རང་དབང་ཅན་གྱི་དགེ་རྩའི་སློབ་ཡོན་འདེམས་སྒྲུག་ཚོགས་ཆུང་ནས་སློབ་ཡོན་ཆེད་སློབ་གཉེར་བ་ཞིབ་ཚགས་ངང་འདེམས་སྒྲུག་བྱེད་ཀྱི་ཡོད། དེ་ཡང་དང་ཐོག་སློབ་ཡོན་ཆེད་སྙན་ཞུ་ཕུལ་འབྱོར་བྱུང་བ་རྣམས་ལ་དགོས་མཁོའི་ཆ་རྐྱེན་ལ་གཞིགས་ཏེ་དྲག་འདེམས་བྱེད་པ་དང། དེ་རྗེས་འདེམས་ཐོའི་ནང་ཡོད་པའི་སློབ་གཉེར་བ་རེ་རེར་ངོ་ཐུག་ གིས་དྲི་བ་བྱེད་ཀྱི་ཡོད།
ལོ་རྗེས་མ་ནས་ཆེས་མཐོའི་གཙུག་ལག་སློབ་ཡོན་ལས་གཞི་དེ་དག་སུད་སིར་ཡོད་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་འཛིན་སྐྱོང་གནང་རྒྱུ་ཡིན་པ་བཅས་དགོངས་འཇགས་ཞུ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༨ ལ།།