ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་༸ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན། ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་མེལ་སྦོན་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་དམིགས་བསལ་ཅན་ཞིག་ཚོགས་ཡོད།
དེ་ཡང་ཉིན་དེའི་སྔ་དྲོ་བོད་མི་ཚོགས་མི་ ༤༥༠ ལྷག་དང་། དམིགས་བསལ་སྐུ་མགྲོན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ Senator Janet Rice མཆོག ཝེ་དེ་ནན་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོ་ Mr. Bon Nyugen ལགས། མེལ་སྦོན་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Mr. Frank Ruenjie ལགས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་སྐུ་མགྲོན་ཉི་ཤུ་ལྷག་ལྷན་འཛོམས་བྱུང་སྟེ་བསང་གསོལ་བཏང་རྗེས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།
དེ་རྗེས་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཁང་གསར་བསྟན་འཛིན་བློ་བཟང་ལགས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་འབྲེལ་བའི་གསུང་བཤད་གནང་རྗེས། དམིགས་བསལ་སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་བ་དང་། ཚོགས་གཙོ་དང་སྐུ་མགྲོན་རྣམ་པས་གསུང་བཤད་གནང་གྲུབ་མཚམས། བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་དང་། རྒས་གཞོན་བོད་མི་རྣམས་ནས་ཐུན་མིན་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བ་དང་།
ཉིན་གུང་ཞལ་ལག་རྗེས་སུ་རྩེད་རིགས་སྣ་ཚོགས་གོ་སྒྲིག་གནང་བ་མ་ཟད། དགོང་ཚིགས་རྗེས་སུ་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་སྒོར་གཞས་འཁྲབ་སྟེ་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཉིན་འཁྱོངས་རོལ་པ་དང་བཅས། །