ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཁེན་བྷེ་རྭ་བོད་རིགས་མཐུན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་སྲུང་བརྩིའི་གསོལ་སྟོན་དགོང་ཚོགས་ཆེན་པོ་གཟབ་རྒྱས་ཤིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཐོག་ཕྱི་ནང་གི་སྐུ་མགྲོན་དང་། རང་རེའི་བོད་མི་བཅས་མི་གྲངས་ ༢༠༠ ཐམ་པ་ཨོ་གླིང་རྒྱལ་ས་ཁེན་བྷེ་རྭའི་འོ་ཀྲིན་ས་ཁུལ་ཧེ་ལེན་གླིང་སྤྲོ་སྐྱིད་ཁང་དུ་ལྷན་འཛོམས་ཀྱིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་རིམ་བཞིན་བཞུགས་གྲལ་དུ་འཁོད་ཟིན་མཚམས། གཙོ་སྐྱོང་བ་རྣམ་པས་བོད་ཨིན་སྐད་ཡིག་གཉིས་ཐོག་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་ངོ་སྤྲོད་གནང་བ་དང་སྦྲགས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་བཀྲ་ཤིས་ཞོལ་པ་གཟིགས་འབུལ་དང་བསྟུན་འབྲས་བསིལ་དང་གསོལ་ཇ་འདེགས་འབུལ་ཞུས།
དེ་ནས་སྐུ་ཚབ་དོན་གཅོད་ཀྱིས་༧སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུངས་བཤད་གནང་དོན། དེ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་གསོན་སྟོན་དགོང་ཚོགས་ཆེན་པོར་ཕེབས་པའི་ཕྱི་ནང་གི་སྐུ་མགྲོན་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚོར་མཚོན་ན་དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན། འོན་ཀྱ་བོད་ནང་དང་ས་གནས་ཁ་ཤས་སུ་བོད་མི་ཚོས་ད་དུང་ང་ཚོ་ནང་བཞིན་དགའ་དགའ་སྤྲོའི་ངང་འཁྲུངས་སྐར་གཏོང་རྒྱུའི་གོ་སྐབས་མེད་པ་ནི་བློ་ཕམ་གྱི་གནས་ཤིག་རེད།
དེ་ལྟར་ཡིན་པ་ཡིན་ནའང་། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་གཉིས་དབར་ལོ་རྒྱུས་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་བྱུང་བ་དེས། ཁོང་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དུ་བཀུར་བ་མ་ཟད། ཁོང་ནི་བོད་ཀྱི་བླ་སྲོག་དང་། ང་ཚོའི་རེ་བ། ང་ཚོའི་དགེ་རྒན་དང་ཕ་མ་ལྟ་བུ་ཡིན་པ་དང་། ཁོང་ནི་ཐོག་མཐའ་བར་གསུམ་བོད་མི་དང་བོད་ཀྱི་གནད་དོན་གྱི་མགྲིན་ཚབ་པ་རེད་ལ། ང་ཚོའི་ནུས་སྟོབས་དང་སྤོབས་པའི་འབྱུང་ཁུངས་རེད་ཅེས་དང་།
ཡང་ཁོང་གིས་མུ་མཐུད་གསུངས་དོན། དེ་རིང་གི་ཉིན་མོ་འདིར་བོད་མི་ཙམ་མིན་པར་འཛམ་གླིང་ས་ཕྱོགས་གང་སར་མི་རིགས་འདྲ་མིན་གྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ལྟར། ང་ཚོ་འདི་རུ་ཡང་ཡུན་རིང་ནས་༧གོང་ས་མཆོག་ལ་གུས་ཞབས་དང་བརྩི་བཀུར་ཞུ་མཁན་ཕྱི་རྒྱལ་གྱི་གྲོགས་པོ་ཚོ་དང་། དམིགས་བསལ་རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཕེབས་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ཆེའི་རྒྱ་རིགས་མི་མང་དང་གྲོགས་པོ་སྒྲིག་སྟེ་ཁོང་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་ངོ་སྤྲོད་བྱེད་དེ་ཕན་ཚུན་གཉིས་དབར་ཡིད་ཆེས་ཡོང་བ་བཟོ་དགོས་ཞེས་བཀའ་སློབ་ཡང་ཡང་ཕེབས་བཞིན་པ་ལྟར། རྒྱ་རིགས་མང་པོ་ཞིག་ནས་བོད་ཀྱི་གནས་དོན་ལ་ཤ་ཚ་དང་དོ་སྣང་། རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་གི་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་བཟང་ཕྱོགས་ཀྱི་འགྱུར་བ་སྤུ་ཙམ་འགྲོ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་བོད་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་མུས་སོགས་ངོ་སྤྲོད་གནང་། དེ་ནས་དོན་གཅོད་མཆོག་ནས་མུ་མཐུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་གཞན་ཁག་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་དང་། ཐུགས་བསྐྱེད་དམ་བཅའ་གསུམ། དེང་སང་རྒྱ་གར་ནང་གི་མཛད་པ་ཁག་ཀྱང་ངོ་སྤྲོད་མཐིལ་ཕྱིན་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་ཁེན་བྷེ་ར་གྲོས་ཚོགས་འཐུས་མི་ལྕམ་ Ms Caroline Le Couteur མཆོག་དང་། ས་གནས་རིག་གཞུང་སྣ་མང་བློན་ཆེན་ལྕམ་ Elizabeth Kikkert མཆོག ཡེ་ཤུའི་ཆོས་དཔོན་ཆེན་པོ་ Bill Crews མཆོག སྐུ་ཚབ་དོན་གཅོད་བཅས་ནས་གཞི་རིམ་འོག་མའི་བོད་ཕྲུག་ཚོས་བོད་ཨིན་སྐད་ཡིག་གཉིས་ཐོག་བཀྲ་ཤིས་འཁྲུངས་སྐར་གྱི་གཡང་གཞས་གཏོང་འབུལ་དང་འབྲེལ་ཕྱི་ལུགས་ལྟར་སྒོང་ཀེག་གཏུབ་འགྲེམས་ཞུས་རྗེས། གོང་གསལ་སྐུ་མགྲོན་རྣམ་པ་དང་། རྒྱ་གར་རྒྱལ་ཡོངས་མཐུན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་ Krishna Nadimpalli མཆོག རྒྱ་མི་གྲོགས་པོའི་སྐུ་ཚབ་འབུམ་རམས་པ་ཀྲོང་ཅིན་ཅང་མཆོག་བཅས་རེ་རེ་བཞིན་སྡིངས་ཆ་ཐོག་ཕེབས་ཏེ་དགའ་བའི་གསུང་བཤད་དང་། དད་པའི་སྨོན་འདུན་སེམས་འགུལ་ཐེབས་དགོས་པ་གསུངས།
དགོང་དྲོའི་ཆུ་ཚོད་ ༧།༣༠ ཐོག་ཕྱི་ནང་གི་སྐུ་མགྲོན་ཡོངས་ལ་ཞལ་ལག་གྱ་ནོམ་པ་ཕུལ་རྗེས། འབྲེལ་ཡོད་གནད་ཡོད་ཁག་གཅིག་ནས་གསུང་འཕྲིན་ཕེབས་པ་ཁག་སྒྲོགས་སྦྱང་གནང་བ་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་བསྟན་འཛིན་ནོར་འཛོམས་ཨ་ཏི་ཤ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན། ཁེན་བྷེ་ཪྭ་བོད་རིགས་མཐུན་ཚོགས་ཀྱི་ཟློས་གར་རུ་ཁག་ནས་བོད་ཀྱི་སྲོལ་རྒྱུན་གཞས་དང་ཞབས་བྲོ། རྐྱང་གཞས། རྒྱ་གར་འཁྲབ་གཞས་སྣ་མིན་བཅས་གཟིགས་འབུལ་དང་། ཐུན་མིན་ཆས་གོས་ངོམས་སྟོན་བྱས་པ་སོགས་འཁྲབ་རྩལ་དང་སྒེག་འགྱུར་ལ་དགའ་བའི་ཐལ་སྒྲས་ཁེངས་པ་མ་ཟད། ཕྱི་ནང་གི་སྐུ་མགྲོན་ཚང་མ་ཡར་བཞེངས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་སྒོར་གཞས་འཁྲབ་སྟེ་འཁྲུངས་སྐར་གྱི་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་ཡོད་པ་བཅས། །