ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ནས་ལས་ཁུངས་ཀྱི་ཚོགས་ཁང་དུ་འཛིན་རིམ་གསུམ་པའི་ཨང་རྩིས་སྦྱོང་དེབ་དང་། ཟླ་ ༧ ཚེས་ ༡༨ ནས་ ༢༠ བར་འཛིན་རིམ་དྲུག་པའི་ཨང་རྩིས་སྦྱོང་གི་བསྐྱར་ཞིབ་ཚོགས་འདུ་ཚོགས་ཡོད།
འཛིན་རིམ་གསུམ་པའི་ཨང་རྩིས་སྦྱོང་དེབ་ཀྱི་བསྐྱར་ཞིབ་ཚོགས་འདུ་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་དང་། བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས། གཞི་རིམ་བར་མའི་ཨང་རྩིས་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། གཞི་རིམ་འོག་མའི་ཨང་རྩིས་རྩོམ་སྒྲིག་པ་བློ་བཟང་བསྟན་འཛིན་ལགས། དེ་བཞིན་རྡ་ས་བོད་ཁྱིམ་ཁྱབ་ཁོངས་ནས་རྡ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་འཕྲིན་ལས་དཔལ་མོ་ལགས་དང་། ཨང་རྩིས་སློབ་དགེ་བསོད་ནམས་ཆོས་སྒྲོན་ལགས། སཾབྷོ་ཊ་བོད་སློབ་ཁྱབ་ཁོངས་ནས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ཨང་རྩིས་སློབ་དགེ་ཚེ་དབང་ལྷ་མོ་ལགས། རཱཇ་པུར་བོད་ཁྱིམ་གྱི་ཨང་རྩིས་སློབ་དགེ་པདྨ་ཆོས་སྐྱིད་ལགས་བཅས་བསྐྱར་ཞིབ་ཚོགས་འདུར་ཕེབས་ཡོད།
དེ་བཞིན་འཛིན་རིམ་དྲུག་པའི་ཨང་རྩིས་སྦྱོང་དེབ་ཀྱི་བསྐྱར་ཞིབ་སྐབས་སུ་གོང་བཞིན་ཤེས་ལས་ཀྱི་ལས་བྱེད་བཞིའི་ཐོག རྡ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས་དང་། རྡ་ཤོད་བོད་ཁྱིམ་གྱི་ཨང་རྩིས་སློབ་དགེ་ཟུར་པ་ངག་དབང་རྡོ་རྗེ་ལགས། གོ་པཱལ་པུར་སློབ་གྲྭའི་ཨང་རྩིས་སློབ་དགེ་ཟླ་བ་ལགས་བཅས་བསྐྱར་ཞིབ་ཚོགས་འདུར་ཕེབས་ཡོད།
ད་ལན་ཉིན་དྲུག་གི་ཨང་རྩིས་སྦྱོང་དེབ་ཁག་གཉིས་ཀྱི་བསྐྱར་ཞིབ་ཚོགས་འདུ་དེ་དག་ལེགས་གྲུབ་ངང་མཇུག་སྒྲིལ་ཡོད། ཨང་རྩིས་ལས་གཞིི་འདིའི་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ཡིན་འདུག་པ་བཅས། །