ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ ཉིན་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཕུན་ཚོགས་བདེ་བཞིའི་ཚོགས་ཁང་ནང་དུ་ Town Hall ཞེས་ཨ་རིའི་གྲོས་ཚོགས་འཐུས་མི་ལྷན་དུ་བོད་དོན་ཐོག་གྲོས་མོལ་གྱི་ཚོགས་འདུ་ཞིག་ཚོགས་ཡོད།
སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་སྐུ་ཞབས་ཊོམ་སའོ་ཛི་ Tom Suozzi མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ Matteo Mecacci ལགས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་རྣམ་པ། དེ་བཞིན་ས་གནས་བོད་མི་ ༣༠༠ ལྷག་བཅས་ནས་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུ་དབུ་འབྱེད་ཀྱིས་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཕྱི་ལོ་ ༢༠༠༢ Tibet Policy Act ཞེས་པའི་ཁྲིམས་ཡིག་བཞག་གནང་བ་དེ་བསྐྱར་ཞིབ་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུང་གནང་འདུག བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་གོང་མཐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་བཅས་ཀྱི་གནད་དོན་སྐོར་གསལ་ཡོད་པ་རེད།
སྐབས་དེར་གྲོས་ཚོགས་འཐུས་རྣམ་གཉིས་ཀྱིས་ཚོགས་ཆུང་གི་འཆར་གཞི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་སྦྲགས། ལོ་རྗེས་མའི་ National Prayer breakfast ཞེས་པའི་ཆེས་སྙན་གྲགས་ཆེ་བའི་ལོ་འཁོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་འཛོམས་ཐོག ཆོས་དད་རང་དབང་བཀག་སྡོམ་འོག་སྡུག་སྦྱོང་གནར་གཅོད་སོགས་དྲག་གནོན་ལས་ཐར་བ་རྣམས་མགྲོན་འབོད་གནང་རྒྱུའི་འཆར་གཞི་ཡོད་པ་ལྟར། སྐབས་དེར་བོད་པའི་སྐུ་ཚབ་ཡང་གདན་ཞུ་གནང་རྒྱུའི་ཞལ་བཞེས་གནང་ཡོད།
དུས་ཡུན་ཆུ་ཚོད་གཉིས་ཀྱི་ལྷན་འཛོམས་ཐོག་བོད་མི་མང་དག་གིས་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་དང་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་གཞུང་གི་གསང་ཉུལ་བ་ཆེད་གཏོང་བཅས་ཀྱི་དཀའ་ངལ་སྐོར་སྙན་གསེང་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་ཆེ་མཐོང་གོང་མཐོར་གཏོང་དགོས་གལ་སོགས་སྙན་གསེང་ཞུས་གནང་འདུག
མཐར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མགུལ་དར་ཕུལ་ཡོད་པ་བཅས། །