ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢ རེས་གཟའ་མིག་དམར།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༩ ཉིན་སྦེལ་ཇམ་གྱི་ས་གནས་ཨན་ཝར་པན་དུ་སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ནས་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭ་དབུ་བཙུགས་ནས་ལོ་ ༡༡ འཁོར་བའི་དུས་དྲན་མཛད་སྒོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྟབས་གཅིག་ལ་སྲུང་བརྩི་ཞུས་སོང་།
དེ་ཡང་མཛད་སྒོའི་དམིགས་བསལ་སྐུ་མགྲོན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་དང་། མེ་ཏོག་རིན་པོ་ཆེ། རྒྱ་གར་ནས་ཕེབས་པའི་སེ་ར་དགོན་པའི་དགེ་འདུན་པ་ཁག་གཅིག བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་རྒྱས་གླིང་གི་འགན་འཛིན་ཚེ་བརྟན་ལགས། བོད་རིགས་ཚོགས་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་དུས་དྲན་ལ་མཉམ་ཞུགས་གནང་ཡོད།
སྦར་སིལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཡོན་ཏན་གླིང་བཀའ་བརྒྱུད་ཆོས་ཚོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པར་བརྟེན། དོན་ཁང་གི་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ཚབ་ཞུས་ཏེ་སློབ་གྲྭའི་འཛིན་སྐྱོང་སྤེལ་གསུམ་གང་ལེགས་ཡོད་པ་སྤྱི་ཁྱབ་འགན་འཛིན་གྱིས་གཙོས་དགེ་རྒན་དང་ཕ་མའི་འཐུས་མི། དེ་བཞིན་ཕ་མ། སློབ་ཕྲུག་ཚང་མས་སོ་སོའི་ལས་འགན་ངོ་ཤེས་པའི་ཐོག་ནས་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཡིན་པར་འགན་ཁུར་བ་ཡོངས་ལ་འཚམས་འདྲི་དང་ཡི་རངས་བསྔགས་བརྗོད་ཞུས། དེ་རྗེས་སློབ་ཕྲུག་རྣམས་ཀྱི་བློ་སྤོབས་མུ་མཐུད་སྐྱེད་ཐབས་སུ་རྒྱུགས་སྤྲོད་རྩེ་ཕུད་སོན་པའི་སློབ་མར་གཟེངས་བསྟོད་ཕྱག་འཁྱེར་གནང་།
སྦེལ་ཇམ་ནང་འཚར་ལོངས་བྱེད་བཞིན་པའི་རང་རེའི་བོད་ཕྲུག་རྣམས་ལ་བོད་པའི་གོམས་གཤིས་བཟང་པོ་སྦྱར་ཐབས་དང་། བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་། སློབ་འཁྲིད་གནང་རྒྱུར་དམིགས་ཏེ་བོད་མི་གནས་སྡོད་མང་སའི་ས་གནས་ཁག་ལྔ་ལ་ཆོས་རིག་འཛིན་སྐྱོང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭ་རེ་བཙུགས་ཡོད། མཛད་སྒོའི་སྐབས་སུ་སློབ་གྲྭ་སོ་སོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གྱེར་འདོན་གནང་བ་དང་། མཉམ་གཞས། འཁྲབ་གཞས། རྐང་གཞས་བཅས་ཕ་མ་དང་མི་མང་ལ་གཟིགས་འབུལ་ཞུས་ཏེ་ཉིན་འཁྱོངས་དུས་དྲན་དགའ་སྤྲོའི་ངང་སྲུང་བརྩི་ཞུས་ཡོད་པ་བཅས། །