ཕྱི་ལོ་ ༢༠༡༩ ཟླ་བ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་སྦེང་ལོར་གྲོང་ཁྱེར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་རྣམ་ཀུན་དང་མི་འདྲ་བར་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ནང་ནས་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་སླད་རླབས་ཆེན་དགོངས་གཞི་ལྟར། སྦེང་ལོར་ནང་དུ་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཁག་གདན་ཞུ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་མངའ་གཞུང་གི་སྤྱི་ཁྱབ་སྐོར་སྲུང་གཞོན་པ་ཨ་མར་ཀུ་མར་པན་ཌེ་ Shri. Amar Kumar Pandey མཆོག་དང་ཧིན་རྡུ་བླ་ཆེན་གུ་རུ་དེཝ་ Pujya Gurudev མཆོག་དང༌། ཡི་ཤུ་བླ་ཆེན་པྲ་ཝིན་ཧེན་རི་ཌི་སུ་ཇ་ Rev.Bishop Father Praveen Henry D’Souza མཆོག ཁ་ཆེ་མཆོད་དཔོན་མོ་ཧོ་མཏ་ཨཤ་རཕ་ Mr. Mahmood M Ashraf མཆོག་དང་འཇིའུ་ཡི་བླ་ཆེན་ཇེ་ཌིབ་ཇེ་སུ་ཌི་སི་ Rev.Dr. Jaideep Jesudoss མཆོག་བཅས་ཆོས་ལུགས་ཁག་གི་བླ་ཆེན་སོ་སོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་པ་དང་། གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་སྐྲུན་རྒྱུ་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ། བྱམས་པ་དང་སྙིང་རྗེ། བཟོད་པ་བཅས་དངོས་སུ་ཉམས་ལེན་མཛད་མཁན་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད། ཅེས་དང་།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་དེ་དག་ལ་འཛམ་གླིང་ས་ཕྱོགས་ཀུན་ནས་མི་ས་ཡ་མང་པོས་དགའ་མོས་ཞུ་བཞིན་ཡོད། ཅེས་སོགས་གསུངས།
དེ་ཡང་གོང་ཚེས་སྔ་དྲོ་ཆུ་ཚོད་ ༩ ཐོག་སེར་སྐྱ་མི་མང་ཡོངས་ནས་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དང་། དཀར་ཕྱོགས་སྐྱོངས་བའི་ལྷ་སྲུང་རྣམས་ལ་འཕྲིན་བཅོལ་དང་བསངས་གསོལ་གཟབ་རྒྱས་ཞུསརྗེས་ཆུ་ཚོད་ ༡༠།༣༠ ཐོག་བོད་ཁྱིམ་ཚོགས་ཁང་དུ་སེར་སྐྱ་མི་མང་གྲངས་ ༥༠༠ ལྷག་ཙམ་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་གདན་ཞུས་ཀྱིས་སྐུ་མགྲོན་རྣམས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང༌། དེ་ནས་ས་གནས་གཞོན་ནུ་ལྷན་ཚོགས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་འབྲེལ་རྒྱ་གར་སྐུ་མགྲོན་རྣམས་དང་མང་ཚོགས་བཅས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་བཅས། །