ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་དགུང་ཀེག་བར་ཆད་ཟློག་སླད་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་མདོ་སྨད་རྨ་ལྷོ་སོག་རྫོང་ནས་ཡིན་པའི་བོད་མི་སེར་སྐྱ་ཁག་གཅིག་གིས་རྨ་ལྷོ་སོག་རྫོང་གི་གཞིས་བྱེས་བོད་མིའི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ། དེ་སྔ་མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་དུ་དགོན་པ་ཁག་གཅིག་ཉམས་པ་ད་ཆ་བསྐྱར་གསོ་ཞུས་ཐུབ་ཡོད་པའི་སྐོར་མགོན་པོ་གང་ཉིད་མཆོག་ལ་སྙན་སྒྲོན་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་རྗེས་སུ་ཡི་རང་མཛད་པ་དང་ལྷན་གཙོ་བོ་བསླབ་པ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་བསྩལ།
གཞན་ཡང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཁལ་ལི་ཧྥོར་ནི་ཡའི་མངའ་སྡེའི་གྲོང་སྡེ་ཨ་ན་ཧེམ་ Anaheim གྱི་སྤྱི་ཁྱབ་ཟུར་པ་སྐུབས་ཞབས་ཊོམ་ Tom Tait ལགས་ཀྱིས་སྣེ་ཁྲིད་པའི་མངའ་སྡེའི་ཚོང་པ་ཁག་གཅིག་གིས་མཇལ་ཁ་ཞུས་འདུག་པ་དང་། སྐབས་དེར་སྐུབས་ཞབས་ཊོམ་ལགས་ཀྱིས་གསར་འགོད་པར་གསུང་དོན། ང་ཚོས་ཨ་ན་ཧེམ་གྲོང་ཁྱེར་ནང་བྱམས་བརྩེ་གོང་མཐོར་གཏོང་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པས། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེའི་སྐོར་བཀའ་སློབ་ལམ་སྟོན་ཞུ་རྒྱུའི་ཆེད་དུ་བཅར་པ་ཡིན། ཞེས་གསུངས། །