ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་མཇལ་འཕྲད་ཁང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྡ་སྟེང་བོད་ཁྱིམ་དང་ས་རཱ་མཐོ་སློབ་བཅས་སུ་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་བོད་ཀྱི་སྐད་ཡིག་དང་ལེགས་བྱང་བཅས་སློབ་གཉེར་སླད་ཕེབས་པའི་བོད་རིགས་སློབ་ཕྲུག་གྲངས་ ༥༠ ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། རྣམ་པ་ཚོ་དང་ལྷན་ཟུར་དུ་ཁྱུག་ཙམ་ཐུག་རྒྱུ་བྱུང་བ་ངོས་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་མི་རབས་གཞོན་པའི་གྲས་རེད། ང་ཚོར་ཆ་བཞག་ན་མི་རབས་རྒན་པ་རེད། རིམ་པས་རྫོགས་འགྲོ་གི་ཡོད་པ་རེད།
བོད་མི་རིགས་ཞེས་བརྗོད་དུས་མི་རབས་ནས་མི་རབས་བསམ་བློ་གཏོང་དགོས་པ་ཞིག་རེད། ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་ད་བར་མི་རབས་མང་པོ་ཕྱིན་ཟིན་པ་རེད། འོན་ཀྱང་བོད་མི་རིགས་སླད་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསར་གཏོད་གནང་བའི་བོད་ཡིག་དང་། དེ་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་གར་ནས་ཚུར་ནང་ཆོས་བཞེས་པ་དེ་དག་ཕལ་ཆེར་བློ་གྲོས་ཆེན་པོ་རེད་འདུག ང་ཚོ་བོད་ཀྱི་མེས་པོ་དེ་ཚོའི་གྲས་བློ་གྲོས་ཆེན་པོ་རེད་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོར་ཆ་བཞག་ན་རྒྱ་ནག་གོང་མའི་སྲས་མོ་དང་འཁྲུང་ས་བསྐྱོན་ཏེ་ར་མོ་ཆེའི་ཇོ་བོ་དེ་རྒྱ་བཟའ་ཡིས་གདན་འདྲེན་ཞུས་པ་དང་། བལ་བཟའ་ཡིས་ལྷ་སའི་ཇོ་བོ་གདན་འདྲེན་ཞུས། ལྷ་སའི་རྟེན་གཙོ་བོ་གྲས་རྒྱ་ནག་དང་བལ་ཡུལ་ནས་ཡོང་བ་རེད། གང་ལྟར་རྒྱ་ནག་དང་ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། འོན་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡིག་བསླབ་རྒྱུ་ཞིག་གནང་མི་འདུག
བོད་ཡིག་ཟུར་དུ་བཟོ་དགོས་ཀྱི་འདུག་ཅེས་བོད་པའི་ཡི་གེ་དབྱངས་དང་གསལ་བྱེད་ཡོད་པ་འདི་རྒྱ་གར་གྱི་ཡི་གེ་ Devnagari དཔེ་བལྟས་ཏེ་བཟོས་འདུག རྒྱ་ནག་གི་ཡི་གེར་དབྱངས་དང་གསལ་བྱེད་མེད། མིང་རེ་རེར་ཡི་གེ་རེར་བྱས་ནས་ཧ་ཅང་རྙོག་གྲ་ཆེན་པོ་ཡོད། ངོས་ཀྱིས་རྒྱ་ཡིག་གང་ཙམ་བསླབ་པ་རེད། སྤྱིར་རྒྱ་ཡིག་འབྲི་རྒྱུ་འཕེར་བར་ཡི་གེ་སྟོང་ཕྲག་གཉིས་ཙམ་ཤེས་དགོས་ཀྱི་འདུག དེར་བརྟེན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དབུ་རྙོག་ཕྲན་བུ་བྱུང་བ་མིན་ནམ། རྙོག་གྲ་ཧ་ཅང་ཆེན་པོ་གཟིགས་པ་འདྲ་འདུག ལེགས་སྦྱར་གྱི་ཡི་གེར་དཔེ་བལྟས་ཏེ་བོད་ཡིག་གསར་པ་བཟོས་པ་རེད། གང་ལྟར་རྒྱ་གར་གྱི་ལེགས་སྦྱར་དང་ཐག་ཧ་ཅང་ཉེ་པོ་ཡོད་པ་ལས་རྒྱ་ཡིག་དང་ཐག་ཉེ་པོ་མེད།
དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་ཆོས་རྒྱལ་ཁོང་གི་ཨ་མ་དེ་རྒྱ་མིའི་སྲས་མོ་ཞིག་ཡིན་པ་ཡོད། ཨ་མ་དེ་རྒྱ་མི་ཡིན་སྟབས་རྒྱ་བཟའ་ཆགས་ཡོད། སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་དང་ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་དེ་འདྲའི་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པ་དང་། རྒྱ་ནག་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ནང་པའི་ཆོས་ཧ་ཅང་ཤུགས་ཆེན་པོ་དར་ཡོད། རྒྱ་ནག་གོང་མ་ཐང་ཡིན་པ་ཡོད། གོང་མ་ཐང་གི་རྒྱལ་ས་ཤི་ཨན་ཟེར་བ་དེར་ངོས་རང་སླེབས་མྱོང་། ཤི་ཨན་རྒྱལ་སར་ལྷ་ཁང་ཞིག་འདུག རྒྱ་བཟའ་ཡིས་བསྣམས་ཕེབས་པའི་ཇོ་བོའི་བཞུགས་ས་བཞུགས་ཁྲི་སྡོང་པ་ཞིག་འདུག དེ་ངོས་ཀྱིས་མཇལ་མྱོང་། དེ་དུས་རྒྱ་ནག་ཏུ་ནང་ཆོས་ཤུགས་ཆེན་པོ་དར་ཡོད།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ་བསམ་ཡས་གཙུག་ལག་ཁང་བཞེངས་གནང་ནས་བསམ་ཡས་གཙུག་ལག་ཁང་གི་ནང་དུ་སྡེ་ཚན་མི་འདྲ་བ་དེ་འདྲ་བཟོས་འདུག སྒྲ་བསྒྱུར་ལོ་པཎ་གླིང་ཞེས་དཔེ་ཆ་བསྒྱུར་ས་དང་། དེ་ནས་དགེ་འདུན་སྔགས་པ་གླིང་ཞེས་སློབ་དཔོན་རིན་པོའི་རྗེས་འབྲང་སྔགས་པ་དེ་འདྲ་བཞུགས་ས་དགེ་འདུན་སྔགས་པ་གླིང་། དེ་བཞིན་རྣམ་དག་ཚུལ་ཁྲིམས་གླིང་ཞེས་པ་ཞིག་ཡོད། དེར་དགེ་ཚུལ་སློང་གི་སྡོམ་པ་འབོག་ཆོག་གནང་རྒྱུ་དང་རབ་བྱུང་གི་སྡེ་འཚུགས་རྒྱུ་ཞིག་དང་། གཞན་ཡང་མི་གཡོ་བསམ་གཏན་གླིང་ཞེས་པའི་རྒྱའི་མཁན་པོ་སྒོམ་རྒྱག་མཁན་ཚོ་སྡོད་གནས་མི་གཡོ་བསམ་གཏན་གླིང་ཞེས་ཐོབ་ཐང་གཅིག་མཚུངས་གནང་འདུག དེ་དུས་ནས་རྒྱ་ནག་ཏུ་ནང་ཆོས་ཧ་ཅང་ཤུགས་ཆེན་པོ་ཡོད། མཁན་ཆེན་ཞི་བ་འཚོས་ཐོབ་ཐང་གཅིག་པ་གནང་རྒྱུ་དེ་ལྟར་ཡིན་པ་རེད། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་དགོས་དོན་ནི། རྒྱ་ནག་ནས་ཡོང་བའི་ནང་པའི་ཆོས་པ་དེ་དག་དད་པ་བྱེད་སའི་ཡུལ་དང་རྩ་ཧ་ཅང་ཆེན་པོ་ཡིན་ནའང་དེ་ཙམ་ཁུངས་བཙན་པོ་མེད་སྟབས། ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པར་བརྟེན་དེའི་ཚེ་དེའི་དུས་ནཱ་ལེནྡྲ་ཡོད་པ་རེད། ནཱ་ལེནྡྲ་ནས་མཁས་པ་གདན་འདྲེན་ཞུ་རྒྱུའི་དགོངས་པ་བཞེས་པ་རེད། དེ་དུས་ནཱ་ལེནྡྲར་མཁས་པ་དྲག་པ་སུ་འདུག་གཟིགས་དུས་མཁན་ཆེན་ཞི་བ་འཚོ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ལྟ་བུ་ཆགས་ཡོད།
མཁན་ཆེན་ཞི་བ་འཚོ་ལོ་རྒྱུས་ཐོག་ནས་བླ་མ་ཆེན་པོ་རེད་ཟེར་རྒྱུ་ཙམ་མིན་པར་ཁོང་གིས་བྲིས་པའི་དབུ་མ་རྒྱན་གྱི་བཤད་ལུང་ཡོད་པ་མ་ཟད། ངོས་ཀྱིས་འདིའི་ཁྲིད་ཞུས་ཡོད། ཧ་ཅང་ཡག་པོ་ཡོད་པ་རེད། ཁོང་གི་ཐུན་མོང་མིན་པའི་ལེགས་བཤད་ནི་ཚད་ཆེན་རེད། ཚད་མའི་སྐོར་ཧ་ལས་པ་འདུག སློབ་དཔོན་ཀ་མ་ལ་ཤཱི་ལས་ཚད་ཆེན་གྱི་འགྲེལ་བ་མཛད་དེ་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་མཁས་པའི་དབང་པོ་རེད་འདུག
ཆོས་རྒྱལ་གྱིས་ནཱ་ལེནྡྲའི་མཁས་དབང་ནང་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་རེད། ང་ཚོ་བོད་པའི་ལོ་རྒྱུས་ནང་དེ་དུས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠།༡༠༠༠ རེད་ཅེས་ཟེར་སྲོལ་ཡོད། ངོས་ཀྱི་ངོ་ཤེས་པ་རྒྱ་གར་བ་ཞིག་ཡོད། ཁོང་གིས་དངོས་འབྲེལ་བྱས་ན་མཁན་ཆེན་ཞི་བ་འཚོ་དགུང་ལོ་དགུ་བཅུ་རེད། འོན་ཀྱང་བོད་པས་ཀླད་ཀོར་གཅིག་འཕར་མ་བརྒྱབ་ནས་དགུ་བརྒྱ་བཟོ་པ་རེད། ཅེས་བརྗོད་བྱུང་། དེ་ཚོའི་གྲས་ཕལ་ཆེར་བདེན་པ་མིན་ནམ་བསམ་གྱི་འདུག ང་ཚོས་ཡ་མཚན་འདྲ་བཤད་ནས་མིས་དད་སྐྱེ་རྒྱུ་མ་དག་རྒྱུན་འབྱམས་དེ་འདྲ་ཤོད་ཀྱི་འདུག དེ་དག་ག་འདྲ་ཡིན་ནམ། ངོས་ཀྱིས་རྒྱ་གར་བ་དེས་བཤད་པ་བདེན་པ་མིན་ནམ་སྙམ་བྱུང་། གང་ལྟར་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་པའི་སྐབས་དགུང་ལོ་བདུན་ཅུ་དོན་གྲངས་ཡིན་པ་རེད། དེ་ལྟ་བུ་བགྲེས་སོང་ཞིག་བོད་ས་མཐོ་བོ་སོགས་མདོར་ན་ལྟོ་ཆས་ཆུན་ཆད་ནས་སྐུ་ངལ་ཡོད་ནའང་བོད་དུ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་རྒྱུའི་བཀའ་བཀོད་གནང་།
མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་ཡོད་སྟབས། ནང་ཆོས་བསླབ་པར་ལེགས་སྦྱར་གྱི་ཡི་གེ་ནང་ཡོད་པ་དེ་དག་བོད་ཡིག་ནང་བསྒྱུར་ཞེས་སྐབས་དེ་དུས་དཔེ་ཆ་བསྒྱུར་རྒྱུ་འགོ་བཙུགས་ནས་བཀའ་བསྒྱུར་དང་པོ་དེ་ནས་འགོ་བཙུགས་པ་རེད། བཅོམ་ལྡན་འདས་རང་གི་བཀའ་བསྒྱུར་རོ་ཅོག་ལ་བཀའ་བསྒྱུར་ཞེས་པོ་ཏི་བརྒྱ་ལྷག་ཡོད། དེ་ནས་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་མཛད་པའི་རིགས་ཚོགས་དང་བྱམས་ཆོས་སྡེ་ལྔ་བཅས་དེ་ཚོའི་གྲས་ནཱ་ལེནྡྲའི་མཁས་པའི་དབང་པོས་མཛད་པའི་གཞུང་དེ་དག་ཚུར་བོད་ཡིག་ནང་བསྒྱུར་བའི་བསྟན་བཅོས་བསྒྱུར་རོ་ཅོག་པོ་ཏི་ཉིས་བརྒྱ་ལྷག་ཅམ་བཅས་ཁྱོན་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་མཁན་ཆེན་ཞི་བ་འཚོས་བཀའ་བཀོད་གནང་སྟེ་སྲོང་བཙན་སྒམ་པོས་གསར་གཏོད་གནང་བའི་བོད་ཡིག་ཟུར་དུ་ཡོད་སྟབས། དེའི་ཐོག་ཚུར་བསྒྱུར་ཏེ་སློབ་སྦྱོང་བོད་སྐད་རང་གི་ཐོག་ནས་བྱས་དགོས་ཞེས་ལམ་སྟོན་གནང་བ་དེ་རླབས་ཆེན་པོ་རེད་མི་འདུག་གམ།
སྐབས་དེ་དུས་རང་བཙན་ཞེས་པའི་སྐད་ཆ་གང་ཡང་མེད། འོན་ཀྱང་ཡོང་སྟངས་དེ་རྒྱ་ནག་གོང་མ་དང་འབྲེལ་བ་ཐུན་མོང་མིན་པ་ཡོད་ནའང་ང་ཚོའི་སྐད་ཡིག་དང་ནང་ཆོས་དེ་དག་རྒྱ་ནག་ལ་རེ་མི་དགོས་པར་རྒྱ་གར་ནས་ཐད་ཀར་བཞེས་ཏེ་བོད་པ་རང་གིས་རང་མགོ་ཐོན་པ་ཞིག་གནང་འདུག དེར་བརྟེན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རང་བཙན་ཞེས་གསུང་མཁན་གྲས་མིན་ནམ་བསམ་པའི་བཟོ་འདྲ་ཞིག་ཡོད་པ་རེད། གང་ལྟར་བོད་མི་རིགས་སྐད་ཡིག་ཟུར་དུ་ཡོད་མཁན། དེ་བཞིན་བསྟན་བཅོས་ཚུར་བསྒྱུར་བར་ཆ་བཞག་ནའང་བཀའ་བསྒྱུར་བསྟན་བསྒྱུར་ཆ་ཚང་བ་ཞིག་ཡོད།
བོད་ཡིག་ནང་བཀའ་བསྒྱུར་ཕལ་ཆེར་པོ་ཏི་དྲུག་རེད། རྒྱ་ཡིག་ནང་པོ་ཏི་མང་པོ་ཡོད་པའི་སྐད་ཆ་འདུག བཀའ་བསྒྱུར་གྱི་པོད་གྲངས་ཀ་བརྩིས་ན་རྒྱ་ཡིག་ནང་ཕལ་ཆེར་ཁ་ཤས་མང་བ་ཡོད་ས་རེད། དེ་བཞིན་བསྟན་བསྒྱུར་ལ་ཆ་བཞག་ནའང་། ཚད་མའི་གཞུང་དེ་དག་རྒྱ་ཡིག་ནང་མི་འདུག སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་རྒྱ་ཡིག་ནང་མི་འདུག བོད་ཡིག་ནང་རྒྱ་གར་མཁས་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཚང་མ་ཡོད་པ་ཧ་ཅང་སྤུས་དག་པོ་རེད་འདུག དེང་སྐབས་འཛམ་གླིང་འདིའི་སྟེང་ནང་ཆོས་ཀྱི་ལྟ་གྲུབ་སྐོར་དངོས་འབྲེལ་འགྲེལ་བཤད་རྒྱག་དགོས་བྱུང་ན། བོད་པ་ཚོ་དྲག་ཤོས་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་༸སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་བཞིའི་སྐོར་བཀའ་སློབ་སྩལ་ཡོད་པ་བཅས། །