ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་སློབ་ཆེན་གྱི་སློབ་ཕྲུག་ཁག་གཅིག་ལ་༸རྒྱལ་བའི་གཟིམ་ཆུང་མཇལ་བཅར་སྐབས་བཀའ་སློབ་སྩལ་དོན། འཛམ་གླིང་ནང་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད། སྐད་རིགས་མི་འདྲ་ཡང་མིའི་ཀླད་པ་གཅིག་པ་ཡོད་པར་བརྟེན་ཕན་ཚུན་འབྲེལ་ལམ་བྱེད་ཐུབ། ངོས་རང་ཉིད་ཀྱང་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ནང་ནས་འགྲོ་བ་མི་ཞིག་ཡིན་སྟབས། ངོས་ཀྱི་ལས་འགན་དང་པོ་ནི། འགྲོ་བ་མིའི་ནང་གི་གཤིས་རྒྱུས་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་དང་། ལུས་པོའི་འཕྲོད་བསྟེན་གལ་ཆེར་འཛིན་པ་ལྟར་ད་ཆ་ང་ཚོས་བསམ་བློའི་འཕྲོད་བསྟེན་གལ་ཆེར་བརྩིས་ཏེ། དང་ཐོག་གང་ཟག་རང་ཉིད་ནས་འགོ་བཙུགས་ཏེ། ཁྱིམ་ཚང་དང་། སྤྱི་ཚོགས། དེ་ནས་འཛམ་གླིང་ཁྱོན་དུ་ཞི་བདེ་བག་ཕེབས་བཟོ་ཐབས་བྱ་རྒྱུ་དེ་ཡིན། དེ་འདྲའི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཆགས་ཐུབ་ཚེ་ཕྱིའི་དངོས་པོའི་མཐུན་རྐྱེན་ལ་བརྟེན་ནས་མིན་པར་ནང་གི་གཤིས་རྒྱུས་ཐོག་ནས་ཞི་བདེ་བྱུང་ཐུབ་པ་ཞིག་དང་། དེའང་ཆོས་ལུགས་གང་ལའང་བརྟེན་མི་དགོས་པར། ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་བསྟེན་སྟངས་ཤེས་པའི་ཐོག་ནས་བསམ་བློར་ཞི་བདེ་གོང་འཕེལ་གཏོང་ཐུབ་རྒྱུ་རེད། དེ་ལྟ་བུའི་བློའི་རྣམ་གཞག་དང་བྱེད་ལས། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ཕྱོགས་དང་འབྲེལ་བའི་རྣམ་གཞག་དེ་དག་ངོས་ཀྱིས་ཧ་ཅང་གལ་ཆེན་པོ་དང་ཕན་ཐོགས་ཧ་ཅང་མཐོང་གི་འདུག
ངོས་ཀྱིས་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་ཀྱི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་ཡོད་པ་དེ་དག་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད། དེང་སྐབས་ཚན་རིག་པ་ཚོས་ཀྱང་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བཤད་ཀྱི་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་རེད། དེང་དུས་ཤེས་ཡོན་སློབ་སྦྱོང་དེ་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་མཐུན་རྐྱེན་གོང་འཕེལ་གཏོང་ཐབས་ལ་དམིགས་བཞིན་ཡོད་པ་དང་། ནང་སེམས་ཀྱི་ཞི་བདེའི་བསྐྲུན་ཐབས་ཐད་དོ་སྣང་བྱེད་ཀྱི་མེད། དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་ནས་སློབ་གསོ་ངེས་པར་དུ་བླང་དགོས། ཞེས་བཀའ་སློབ་སྩལ། །