ཕྱི་ལ་ོ ༢༠༡༩ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་བོད་ཀྱི་སྨན་རྩིས་སློབ་མཐར་སོན་པའི་སློབ་མ་དང་ལས་བྱེད་བཅས་ལ་བོད་ཀྱི་སྨན་རྩིས་གཉིས་དེང་དུས་ཚན་རིག་དང་མཐུན་པར་ལེགས་བཅོས་ཡར་རྒྱས་དགོས་པའི་སྐོར་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཁྱེད་ཚོ་སྨན་རྩིས་ཀྱི་དགེ་རྒན། འབྲེལ་ཡོད་ལས་བྱེད་པ། གཙོ་ཆེར་སློབ་ཕྲུག་ཚོ་འདིར་ཁྱུག་ཙམ་ཐུག་པ་རེད། ཚང་མར་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། བོད་སྨན་འདི་རྒྱུན་དུ་ང་ཚོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བརྗོད་སྐབས་གསོ་བ་རིག་པ་དེ་རིག་གནས་ཆེ་བའི་གྲས་ཆགས་ཡོད། ནང་དོན་རིག་པས་མིའི་སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་སེམས་ནང་ཞི་བདེ་ཡོང་བར་ཕན་ཐོགས་ཡོད། གསོ་བ་རིག་པས་རླུང་ཁམས་ཀྱིས་སེམས་འཁྲུག་བསྡད་པ་དེ་འདྲ་ལ་ཕན་ཐོགས་ཡོད། དེ་ལྟར་ནའང་གསོ་བ་རིག་པས་གཙོ་ཆེར་ལུས་པོ་བདེ་ཐང་བཟོ་ཆེད་རེད། དེར་བརྟེན། ང་ཚོས་རིག་གནས་ཆེ་བ་ལྔ་བཤད་པ་ལྟར་གལ་ཆེ་བ་ཞིག་ཆགས་ཡོད། གང་ལྟར་དངོས་སུ་མི་མང་པོ་ཞིག་ལ་ཆོས་དད་ཡོད་མེད་དང་ནང་ཆོས་ལ་དོ་སྣང་ཡོད་མེད་ལ་མ་ལྟོས་པར་མི་ཚང་མར་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡོད། མིང་དེར་བོད་སྨན་ཞེས་བརྗོད་སྐབས་བོད་པའི་མཚན་མཐོང་ལའང་ཕན་ཐོགས་ཡོད་པ་ཞིག་འདུག དེ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་རྒྱ་ནག་གི་སྨན་ལའང་འཛམ་གླིང་ནང་དོ་སྣང་བྱེད་མཁན་ཧ་ཅང་ཡོད། ཕན་ཐོགས་ཀྱང་ཡོད། རྒྱ་སྐད་ནང་ཀྲུང་ཡའོ།(中药) ཤི་ཡའོ་ནུབ་ཕྱོགས་པའི་སྨན། (西药) ཙང་ཡའོ། (藏药) ཞེས་ཙང་ཡའོ་འདི་བོད་སྨན་རེད།
གང་ལྟར་བོད་པའི་མཚན་མཐོང་ལ་རྒྱ་ལ་ཕན་པ་དང་། དངོས་སུ་མི་ལ་ཕན་ཐོགས་ཡོད་སྟབས་བོད་སྨན་འདི་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་སྔ་མོ་ནས་འདི་འདྲ་བཤད་མྱོང་ཡོད། ནམ་རྒྱུན་འཆར་ཅན་གྱི་ཕྱག་ལེན་ཡོད་པ་དེ་རྒྱུན་འཛིན་བྱས་པ་ཙམ་མིན་པར། དེ་སྔ་ཡིན་ནའང་བོད་ནང་ཆོས་རྒྱལ་ཁྲི་སྲོང་སྐབས་རྒྱ་ནག་དང་རྒྱ་གར། དེ་བཞིན་ཡུ་ནཱ་ནི་བཅས་ཡུལ་གྲུ་སོ་སོ་ནས་ཨེམ་རྗེ། བོད་རང་ནས་བཅས་ནས་ཨེམ་རྗེ་ཤ་སྟག་ཡིན་མིན་མི་ཤེས་ཏེ། སྐབས་དེར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཤིག་ཚོགས་ཡོད་པའི་སྐོར་བཤད་རྒྱུ་འདུག དེ་དུས་མཐུན་རྐྱེན་ཡང་ཧ་ཅང་ཁག་པོ་རེད། དཔེར་ན། རྒྱ་གར་ནས་ལྷ་སར་འགྲོ་དགོས་པའམ། ཡང་ན་རྒྱ་ནག་ནས་ལྷ་སར་འགྲོ་དགོས་ན། རྟ་དྲེལ་དང་། སྐབས་རེ་མཛོ་བཞོན་ནས་འགྲོ་དགོས་སྟབས་ཧ་ཅང་དཀའ་ལས་ཁག་པོ་ཡོད། དེང་སྐབས་ཧ་ཅང་འགྲོ་བདེ་པོ་ཡོད། ཚེ་ཡི་རིག་བྱེད་ (Ayurveda) ལ་མཚོན་ན་རྒྱ་གར་རང་ནས་རེད། ཀྲུང་ལུགས་ཀྱི་སྨན་དང་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོང་ཐུབ་རྒྱུ་རེད། ཤི་ཡའོ་ནི་ཡོད་པ་རེད། དེར་བརྟེན། གོ་སྐབས་གསར་པ་ཡོད་པ་འདི་བཙལ་ནས་མུ་མཐུད་ཉམས་མྱོང་བརྗེ་རེས་བྱེད་པ་དང་། རྩ་བའི་གསོ་བ་རིག་པའི་ལག་ལེན་ངོ་མའི་ཐོག་ནས་ཡར་རྒྱས་ཅི་ལྟར་ཇིགཏོང་རྒྱུ་འདུག་གམ། འཆར་ཅན་བསྡད་པ་ལྟ་བུ་མིན་པར་དེ་འདྲའི་ཐོག་ལ་བསམ་བློ་གཏོང་ཐུབ་ན་ཆ་རྐྱེན་འཛོམས་ཡོད་སྟབས་ཡར་རྒྱས་འགྲོ་ཐུབ་པ་ཞིག་རེད། སྔ་མོ་ནས་ངོས་ཀྱིས་འདི་འདྲ་བཤད་མྱོང་།
དེ་ནས་ང་ཚོར་སྨན་རྒྱུ་སྔོ་སྨན་རིགས་དང་རིན་ཆེན་རིགས་དེ་འདྲ་མང་པོ་ཞིག་ཡོད། སྔ་མོ་ཨི་སི་རེལ་ཡིན་ནམ། ས་གནས་གཅིག་ལ་ཚན་རིག་པ་དེ་འདྲས་རྫས་དེ་དག་ལ་ནུས་པ་ཇི་འདྲ་ཡོད་མེད་ཉམས་ཞིབ་བྱས་ཡོད། ང་ཚོའི་སྨན་གཞུང་ནང་རྫས་སོ་སོའི་ནུས་པ་དེ་འདྲ་ཡོད་ཅེས་བཤད་པ་དེར་ཚན་རིག་ལམ་ནས་ཞིབ་འཇུག་བྱས་ནས་དངོས་ར་འཕྲོད་པ་ཞིག་བྱུང་ན་དགེ་མཚན་འདུག དཔེར་ན། ངོས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་འཆད་སྐབས་གཙོ་བོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཞིར་འཛིན་ནས་བཤད་ཀྱི་ཡོད། དེ་བཞིན་སེམས་ཁམས་རིག་པའི་སྐོར་འཆད་སྐབས་ཚན་རིག་པ་དང་ལྷན་འབྲེལ་བ་བྱས་ནས་མི་ལ་འགྲེལ་བཤད་རྒྱག་སྐབས་ཚན་རིག་དང་འབྲེལ་བ་ཡིན་སྟབས། དེང་སང་གི་འཛམ་གླིང་ནང་མི་ཚོས་ཡིད་ཆེས་སླེབ་རྒྱུ་དང་ཕན་ཐོགས་ཡོང་བར་ཁྱད་པར་འདུག དེ་མིན་ཆོས་ཞེས་བརྗོད་ན་རྨོངས་དད་ལྟ་བུ་དང་། སྐྱབས་སུ་མཆི་ཞེས་བརྗོད་པ་མ་གཏོགས་ཆེན་པོ་མེད་པ་ལྟ་བུ་ཟེར་གྱི་ཡོད། མ་གཞི་ཁག་ཡོད་པ་མ་རེད།
ངོས་ཀྱིས་འཛམ་གླིང་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། དད་པ་དེ་སོ་སོའི་ཆོས་ལ་བྱོས། གུས་པ་དེ་འཛམ་གླིང་ཆོས་ལུགས་ཚང་མར་བྱེད་ཀྱི་ཡོད། གང་ཡིན་བརྗོད་ན་འཛམ་གླིང་ཆོས་ལུགས་མི་འདྲ་བ་དེ་དག་གིས་མི་ལ་ཕན་གྱི་ཡོད། བསླབ་བྱ་གཅིག་གྱུར་རེད། མི་སེམས་པ་བཟང་པོ་དང་བྱམས་བརྩེ་དགོས་པ་རེད་ཅེས་པ་ཆོས་ལུགས་ཚང་མས་བཤད་ཀྱི་ཡོད། ལྟ་གྲུབ་ཐོག་ནས་ཧ་ཅང་མི་འདྲ་བ་ཡོད། དཔེར་ན། འཇིག་རྟེན་བཀོད་པ་པོ་ཡོད་ཅེས་བརྗོད་སྐབས་ཚན་རིག་ཐོག་ནས་བཤད་ཐུབ་པ་གང་ཡང་མི་འདུག ང་ཚོ་སྤྱིར་སངས་རྒྱས་པའི་ཆོས། ཡང་སྒོས་ནཱ་ལེནྡྲའི་ཆོས་བརྒྱུད་ལ་མཚོན་ན་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ཐོག་ནས་འགྲེལ་བརྗོད་བྱེད་ཐུབ་ཀྱི་ཡོད།
དེ་བཞིན་སེམས་ཁམས་རིག་པའི་རྣམ་གཞག་ལ་མཚོན་ན་ང་ཚོས་ཚན་རིག་པ་ཚོར་ཕར་ཕན་བཏགས་ཐུབ་བཞིན་ཡོད། ཚན་རིག་འཛམ་གླིང་འདིའི་སྟེང་མུ་མཐུད་ནས་ཡར་རྒྱས་འགྲོ་ཡི་རེད། དེར་བརྟེན། གསོ་བ་རིག་པ་འདི་ཡང་དེང་དུས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་རྒྱུའི་འབྲེལ་བ་ཞིག་ཐུབ་པ་ཡིན་ན། བོད་ཀྱི་གསོ་བ་རིག་པ་དེའང་མུ་མཐུད་ནས་ཚན་རིག་དང་མཐུན་ཞིང་རྒྱུ་མཚན་ལྡན་པ་ཞིག་ཆགས་ཐུབ། ངག་རྒྱུན་ཙམ་མིན་པ་ཞིག་ཆགས་ཐུབ་པ་དགོས། ད་ལྟ་ངོས་ཀྱིས་ནང་པའི་ལྟ་གྲུབ་དེ་ཚན་རིག་དང་འབྲེལ་ནས་ཡོང་སྐབས་ཧ་ཅང་གཏིང་ཟབ་ཏུ་འགྲོ་བཞིན་འདུག དེ་བཞིན་གསོ་བ་རིག་པ་དེའང་ཏོག་ཙམ་ཚན་རིག་དང་མཐུན་པ། བོད་སྨན་གྱི་སྨན་རྫས་ནུས་པ་དང་། ང་ཚོའི་གསོ་བ་རིག་པའི་ཐོག་ནས་ལུས་ཀྱི་འབྱུང་བ་ལྔའི་འགྲོ་སྟངས་དེ་དག་ཏོག་ཙམ་དེང་དུས་ཀྱི་ཚན་རིག་དང་འབྲེལ་བ་བྱེད་ཐུབ་ན་ཡག་པོ་མེད་དམ་སྙམ།
རྩིས་ལ་མཚོན་ན་སྔ་མོ་ཐེངས་ཤིག་ངོས་རང་སྨན་རྩིས་ཁང་དུ་བསྐྱོད་སྐབས་རྩིས་ལ་ཡིད་ཆེས་དེ་ཙམ་མེད། ཅེས་བརྗོད་པ་ཡིན། ཕྱིས་སུ་རྩིས་སྦྱོང་མཁན་ཉུང་དུ་ཕྱིན་པ་རེད་ཟེར་བྱུང་། རྩིས་འདི་བོད་པའི་རིག་གནས་ཆུང་བའི་གྲས་སུ་ཡོད་པར་བརྟེན་རྩིས་སློབ་དགོས། ཞེས་དུས་ཕྱིས་སུ་ངོས་ཀྱིས་འབོད་སྐུལ་ཞུ་དགོས་པའང་བྱུང་། ངོས་ཀྱིས་སེམས་ནང་གང་དྲན་པ་དེ་བཤད་ཀྱི་ཡོད།
༸རྒྱལ་བ་ལྔ་པའི་རྣམ་ཐར་ནང་ཡོང་བ་ཡོད། ༸རྒྱལ་བ་ལྔ་པ་རང་ཉིད་འཁྲུངས་པའི་ཉིན་མོ་དེར་གཟའ་དང་སྐར་མ་དེ་དག་མར་འགྲེལ་བརྗོད་བསྐྱོན་ནས་ཚེས་གྲངས་ཧ་ཅང་བཟང་པོ་ཞིག་ཡོད་པ་དེ་དག་ལུང་འདྲེན་མཛད་རྗེས། ཅང་ཅང་བཟོས་ནས་མ་གཞི་ཚེས་གྲངས་འདིའི་སྐབས་སུ་སྐྱེས་པའི་དུད་འགྲོའང་ཧ་ཅང་མང་པོ་ཡོད། ཅེས་བཀའ་གནང་ཡོད། ༼བཞད་མོ་བཞད།༽ མིའི་བདེ་སྡུག་ཟེར་བ་དེ་ལས་ཀྱི་ཐོག་ནས་འགྲོ་དགོས་པ་མ་གཏོགས་ཕྱིའི་གཟའ་སྐར་ཐོག་ནས་ཧ་ཅང་ཁག་པོ་རེད། འོན་ཀྱང་། ང་ཚོའི་རིག་གཞུང་ཆགས་ཡོད། ཚེ་རབས་ལས་རྩིས་ལྟ་བུ་བསྐོར་ནས་སྐབས་རེ་ཕན་ཐོགས་འདུག
ཁྱོད་རང་ཚོ་རྩིས་པ་ཚོས་བོད་ཀྱི་གནས་ཚུལ་དེར་འགྱུར་བ་ཇི་འདྲ་ཞིག་ཡོང་བ་འདུག རྩིས་བསྐོར་ནས་གཅིག་ཤོད་དང་། ༼ཀུ་རེ་མཛད།༽བཤད་རྒྱུ་ཡོད་དམ། སྒྲ་གཅན་རྒྱུ་སྟངས་བརྩིས་ནས་རྒྱུ་ཐིག་གམ་རྒྱུ་ལམ་གསལ་པོ་བྱུང་མཚམས་ཁར་ཐུག་དེར་སྤགས་ཟན་རྡོག་རིལ་གཅིག་རྡོའི་སྟེང་ཞུས་པ་ཡིན་ན་རྡོ་དེ་ཚལ་པར་བཏང་ཐུབ་རྒྱུ་ཡིན་པའི་བཤད་སྲོལ་འདུག མཐོང་མ་བྱུང་། མིས་ཟེར་གྱི་འདུག་ཟེར་བ་ཙམ་ཡིན། རྩིས་པ་ཚོས་སྒྲ་ཅན་གྱི་རྒྱུ་ཐིག་དེ་བཙལ་ནས་བོད་ཀྱི་དོན་དུ་བྱེད་རྒྱུ་ཡོད་མེད་རྩིས་པས་ཤེས་ཀྱི་རེད། ངོས་རང་དེ་ཙམ་ཡིད་ཆེས་མེད། རྩིས་ལ་མཚོན་ན་མིང་ནས་དཀར་རྩིས་དང་ནག་རྩིས་ཟེར་གྱི་འདུག དཀར་རྩིས་བརྗོད་སྐབས་དུས་འཁོར་དང་འབྲེལ་བ་ཡོད། དུས་ཀྱི་འཁོར་ལོའི་གཞུང་དང་འབྲེལ་བ་ཡོད་པ་རྒྱ་གར་ནས་ཚུར་ཡོང་བ་ཞིག་རེད། ནག་རྩིས་བརྗོད་སྐབས་རྒྱ་ནག་དང་འབྲེལ་ཡོད་པ་རེད། གོ་སྐབས་ཡོད་སྐབས་འདིར་ང་ཚོས་ཏོག་ཙམ་ཉམས་ཞིབ་བྱེད་ཐུབ་ན་ཡག་པོ་མེད་དམ། མཁྱེན་སོང་ངམ།
གང་ལྟར་གསོ་བ་རིག་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པའི་རིག་གཞུང་རྩ་ཆེ་བ་ཞིག་ཆགས་ཡོད། དངོས་ཡོད་གནས་ཚུལ་ལའང་མི་མང་པོར་ཕན་ཐོགས་ཡོད། (ཕྱི་རྒྱལ་མིའི་ཁྲོད་བོད་སྨན་བཟའ་མཁན་མང་དུ་འགྲོ་བཞིན་ཡོད་མེད་བཀའ་བརྩད་སྐབས་མང་དུ་འགྲོ་བཞིན་ཡོད་སྐོར་སྙན་སྒྲོན་ཞུས།) ངོས་ཀྱིས་འདིར་མཇལ་མང་ཡོང་སྐབས་སེམས་འཁྲུག་སྡོད་མཁན་དེ་ཚོ་ཕལ་ཆེར་རླུང་ཁམས་ཡིན་པ་ཧ་ཅང་གསལ་བོ་རེད། རླུང་ཁམས་འཁྲུག་པའི་ནད་པ་དེ་ཚོའི་ཐོག་ནུབ་ཕྱོགས་པར་བཤད་རྒྱུ་གང་ཡང་མེད། དེར་ང་ཚོའི་བོད་སྨན་ཐོག་ནས་རླུང་སྨན་བརྒྱུད་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད་སྟབས། མཇལ་ཁར་ཡོང་མཁན་སེམས་འཁྲུག་པ་དེ་དག་ལ་བོད་སྨན་བཟའ་དགོས་པ་ངོས་ཀྱིས་རྟག་པར་བཤད་ཀྱི་ཡོད། ངོས་ཀྱིས་བོད་སྨན་དྲིལ་བསྒྲགས་བྱེད་ཀྱི་ཡོད། ངོས་ལ་གླ་ཆ་སྤྲོད་དགོས་པ་རེད། ༼བཞད་མོ་བཞད།༽ གང་ལྟར་ང་ཚོ་བོད་པའི་གསོ་བ་རིག་པ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག དངོས་སུ་མི་ལ་ཕན་ཐོགས་ཡོད་པ་དང་། དེ་དང་ཆབས་ཅིག་བོད་ཀྱི་རིག་གནས་ཆེ་བ་ལྔ་ཞེས་མཚན་མཐོང་སླེབས་རྒྱུ་དེ་དག་སེམས་ལ་བཞག་ནས་ཧུར་ཐག་བྱོས། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སྩལ།