ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་སྦལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་སྐུ་མགྲོན་གཙོ་བོ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད། སྐུ་མགྲོན་རྣམ་པ། དེ་བཞིན་བོད་རིགས་བརྒྱ་ཕྲག་ལྷག་གིས་སྐུའི་འཁྲུངས་སྐར་གཟབ་རྒྱས་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་དབུ་ཁྲིད་ཅིག་བོད་མི་རྣམས་ལ་ཡོད་པ་ནི་ང་ཚོ་ཚང་མའི་བསོད་ནམས་ཡིན་པ་དང་སྤོབས་པ་བྱེད་དགོས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་ལན་འཇལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་ཟབ་མོ་གནང་བ་དེ་དག་བོད་མིའི་ངོས་ནས་ལག་བསྟར་བྱེད་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཨིན་ཡུལ་ཨི་རི་ཤིའི་རིག་གཞུང་བསྟི་གནས་ཁང་དུ་བོད་རིགས་ ༣༠༠ ལྷག་འདུ་འཛོསས་ཀྱིས་སྐུའི་འཁྲུངས་སྐར་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་བྷི་ཞོབ་Bishop Strotford གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་ནོར་མ་ Norma Symonds མཆོག་སྐུ་མགྲོན་དུ་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུས་ཡོད།
དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཉི་ཧོང་ནང་ཡོད་པའི་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱུས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། སྤྱིར་ཉི་ཧོང་དང་བོད་གཉིས་བར་ས་ཐག་རིང་པོ་ཡོད་ནའང་། ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པ་གཅིག་མཚུངས་ཡིན་སྟབས།
བོད་དང་ཉི་ཧོང་མི་མང་ཕན་ཚུན་བར་གྲོགས་པོའི་འདུ་ཤེས་དང་། གུས་ཞབས། སེམས་ཐག་ཉེ་བོ། གདུང་སེམས་མཉམ་སྐྱེ་གནང་གི་ཡོད། ཅེས་དང་། ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཉི་ཧོང་གཞུང་དང་མི་མང་། ཚོགས་པ་སྐྱིད་སྡུག་ཁག་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་དོན་ལ་གདུང་སེམས་མཉམ་སྐྱེའི་ཚུལ་དུ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་དགོས་པའི་རེ་སྐུལ་ཞུས་ཡོད།
གཞན་ཡང་སྦིར་ཅོན་ཏ་ར་ནང་ཆེན་གཞིས་ཆགས་དང་ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས། རྒྱ་གར་བྱང་ཕྱོགས་མ་ཧཱ་རཱཤཏྲ་མངའ་སྡེའི་གྲོང་ཁྱེར་ན་སིག་ (Nashik) ཁུལ་གྱི་བོད་མི་སུད་ཚོང་བ་བཅས་ནས་གཞུང་གི་གནད་ཡོད་མི་སྣ་ཁག་མགྲོན་འབོད་ཀྱིས་སྐུའི་འཁྲུངས་སྐར་གཟབ་རྒྱས་ཞུས་ཡོད་པ་བཅས། །