༄༅། །ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཁལ་མུག་ཡུལ་Kalmykia གྱི་སྲིད་འཛིན་ལས་ཚབ་སྐུ་ཞབས་བྷ་ཊུ་ཀ་ཤི་ཀོབ་ Batu Khasikov མཆོག་གིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར། སྒོ་གསུམ་གུས་པ་ཆེན་པོས་མགོན་པོ་མཆོག་ལ་འཁྲུངས་སྐར་འཚམས་འདྲི་ཞུས་པའི་ནང་འཁོད་དོན། “ཁལ་མུག་མི་མང་ཡོངས་ཀྱི་ཚབ་ཞུས་ནས་དེ་རིང་ངས། སྐུ་ཉིད་མཆོག་ལ་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། ༸སྐུའི་འཕྲོད་བཞེས་སྔར་ལས་དྭངས་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་ནས་འཛམ་གླིང་ས་ཕྱོགས་ཀུན་ཏུ་རང་དོན་ཡལ་བར་དོར་ནས། ལེགས་བཤད་གོང་སྤེལ་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པར་བརྟེན། ངས་དེ་རིང་གོ་སྐབས་འདི་བརྒྱུད་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་བདེ་སྐྱིད་ཟེར་བ་དེ་ཉོ་ཆོག་ཆོག་ལྟ་བུ་ཞིག་མིན་པར་འབད་བརྩོན་ལ་བརྟེན་ནས་ཡོང་བ་བྱེད་དགོས་པའི་བཀའ་སློབ་སྩལ་བ་དེ་དག་གིས་གཙོས། ལེགས་བཤད་བསླབ་བྱ་མང་དག་ཅིག་ངས་དུས་རྟག་ཏུ་ཡིད་ལ་འཆང་བཞིན་ཡོད། བསླབ་ལེགས་བཤད་དེ་དག་ངའི་མི་ཚེའི་ནང་གི་ལྟ་གྲུབ་གཙོ་བོ་ཆགས་ཡོད། གུས་པས་སྐུ་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པ་དང་། མཛད་ཁུར་མུ་མཐུད་བསྐྱང་ཐུབ་པ། དེ་བཞིན་སློབ་མ་རྣམས་ལ་ནང་ཆོས་བཀའ་སློབ་ཟམ་མ་ཆད་པར་སྩལ་ཏེ། ནང་པ་སངས་རྒྱས་པའི་བསྟན་པ་གོང་ནས་གོང་དུ་དར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།”
ཞེས་འཁོད་འདུག སྤྱིར་འཚམས་འཕྲིན་དེ་བཞིན་གོང་ཚེས་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་སྲུང་བརྩི་ཞུ་སྐབས་རུ་སུའི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་སྒྲོགས་སྦྱང་ཞུས་འདུག་པ་བཅས།