ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ ཉིན་ལྷོ་ཨ་ཕི་རི་ཀའི་རྒྱལ་ཡོངས་ན་གཞོན་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁུ་ལེ་ཀོ་ཧེན་གྷ་ Mr. MKhuleko Hlengwa མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་དོན། ཉེ་ཆར་རང་ཕྲན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་པྲི་ཏོ་རི་ཡ་ Pretoria ནང་ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་བཅར་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང་། ད་ཆ་ངས་གྱོན་པའི་བོད་ལུགས་སྟོད་ཐུང་འདི་ཉིད་སྐབས་དེར་ང་ལ་སྤྲད་བྱུང་།
ལྷོ་ཨ་ཕི་རི་ཀ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་སྟབས། བཙན་གནོད་དང་དྲག་གནོན་འོག་ཡོད་པ་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་དགོས། ཞེས་ངས་དྲན་སྐུལ་ཞུ་རྒྱུ་ཡིན། ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་སླད་མཐོང་མཆན་མ་ཕུལ་བ་སོགས་ཀྱི་བྱ་སྤྱོད་ལ་བསམ་བློ་ངེས་པར་དུ་གཏང་དགོས།
ང་ཚོས་ཨི་ཛི་རལ་ Israel དང་པེ་ལི་སི་ཌ་ཡིན་ Palestine སྐོར་གླེང་སློང་གནང་བཞིན་པ་ལྟར། རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་སྐོར་ལའང་གླེང་སློང་ངེས་པར་དུ་གནང་དགོས། རྒྱ་གར་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐུན་འགྱུར་གནང་བ་ལྟར། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གྱིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་ཐུབ་དགོས།
སྤྱིར་ཨིན་ཁ་ཏ་རང་དབང་ཆབ་སྲིད་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུལ་དེར་ཐེངས་གཉིས་མགྲོན་འབོད་གནང་ཡོད་པ་དང་། ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༢ པའི་ནང་ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ཀེབ་ཊའུན་ནང་རྟེན་གཞི་བྱས་པའི་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པའི་འགན་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་ Prince Mangosuthu Buthelezi མཆོག་གིས་མགྲོན་འབོད་ལྟར་ཕེབས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ནང་སླར་ཡང་ལྷོ་ཨ་ཕི་རི་ཀར་ཕེབས་ཡོད་པ་བཅས། །