ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །བོད་ནང་གི་མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་དཔལ་ཡུལ་རུ་ཆེན་རུ་ཆུང་གསུམ་པ་ནས་ཡིན་པ་ཡོན་ཏན་རབ་རྒྱས་ལགས་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འགལ་འོག་ད་བར་མི་ལོ་བཞི་ལྷག་རིང་བཙོན་འོག་དུ་སྡུག་སྦྱོངས་མནར་གཅོད་མྱང་རྗེས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༦ ཉིན་གྱི་སྔ་དྲོར་བཙོན་གྲོལ་ཐོབ་སྟེ་ཕྱིར་རང་གནས་སུ་འབྱོར་ཡོད་འདུག
དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་ཉེས་འཛུགས་འོག་འདས་པའི་མིི་ལོ་བཞི་དང་ཟླ་བ་བཞི་ལྷག་རིང་ཡོན་ཏན་རབ་རྒྱས་ལགས་ཁྲིམས་འོག་དུ་བཙོན་འཇུག་བྱས་རྗེས་གློད་བཀྲོལ་ཐོབ་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢༦ ཉིན་གྱི་སྔ་དྲོར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནང་ཡོད་པའི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་པ་དང་། ཁོང་གི་ནང་མི་སྤུན་མཆེད་ཁ་ཤས་ཆེད་དུ་བཙོན་ཁང་གི་སྒོ་ཁར་ལེན་དུ་སོང་ནས་རྒྱ་ནག་གི་ཉེན་རྟོག་དམག་མི་གསུམ་བཅས་རླངས་འཁོར་ནང་ཆེད་དུ་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་རག་བར་དུ་བསྐྱལ་ཡོད་འདུག ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་ལས་རྐང་ལག་ལ་སྐྱོན་ཆགས་འདྲ་ཤོར་མི་འདུག
སྦྱིར་ན་རྒྱ་ནག་གཞུང་གིས་ཁོང་ལ་མི་ལོ་དྲུག་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་ཁོང་གིས་བཙོན་ཁང་དུ་ལས་ཀ་ཧུར་ཐག་བྱས་པའི་དབང་གིས་ཅུང་ཆག་ཡང་བཏང་འདུག མ་འོངས་པར་ཁོང་གིས་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་དང་དམ་བསྒྲགས་གང་འདྲ་ཡོད་མེད་གནས་སྐབས་རིང་ཁ་གསལ་མི་འདུག གཞན་ད་ལྟའི་འཆར་རྒྱལ་ཁབ་ཀྱི་ནག་འཇོམས་ངན་སེལ་ཞེས་བའི་སྲིད་བྱུས་ཤིག་ལག་བསྟར་གྱིས་དཀའ་ངལ་འཕྲད་བཞིན་པའི་སྐབས་ཡིན་སྟབས། ཁོང་གི་དགའ་ཉེས་གྲོགས་པོ་དང་སྡེ་མི་མང་ཚོགས་ཀྱི་ཁོང་ལ་དགའ་བསུའི་རྣམ་པ་སྟོན་རྒྱུར་ཧ་ཅང་སྟབས་བདེ་མེད། ཡོན་ཏན་རབ་རྒྱས་ལགས་དེ་སྔ་ཕྱི་ལོ་༢༠༡༥ ཟླ་ ༣ ཚེས་ ༡༣ ཉིན་གཅིག་སྒྲིལ་རྫོང་གི་རྒྱ་གཞུང་ལས་ཁུངས་སུ་འབོད་འགུག་གིས་འཛིན་བཟུང་བཀག་ཉར་བྱས་ནས་ད་བར་མི་ལོ་བཞི་དང་ཟླ་བ་བཞི་ལྷག་རིང་བཙོན་འཇུག་བྱས་ཡོད་པ་དང་། ཁོང་ད་ལོ་རང་ལོ་ ༣༠ ཡིན་འདུག ཁོང་དེ་སྔ་རྒྱ་གཞུང་གིས་བཀག་ཉར་བྱས་ནས་ཟླ་གཉིས་དང་ཉིན་གྲངས་ ༡༦ འགོར་བའི་ཉིན་ཁོང་གི་ཨ་མ་ལགས་འདས་གྲོངས་སུ་གྱུར་ཡོད་པས་མ་བུ་གཉིས་ངོ་ཐུག་ཐུབ་མེད་པ་དང་། ཁོང་ལ་རྒྱ་ནག་གཞུང་གིས་ཉེས་འགལ་བྱེད་དགོས་དོན་གཙོ་བོ་ནི། ཁ་པར་གྱི་ལམ་ནས་བོད་ཕྱི་ལོག་གི་གསར་འགྱུར་ལ་ལྟ་ཉན་བྱས་པ་ཁྲིམས་འགལ་དུ་བརྩིས་པ་ལས་ནམ་རྒྱུན་ཡོན་ཏན་རབ་རྒྱས་ལགས་ནི་འབྲོག་ཕྲུག་དཀྱུས་མ་ཞིག་དང་། ལྷག་པར་རང་རོགས་ཕན་ཚུན་ལ་མཐུན་སྒྲིལ་ཡོད་མཁན་གྱི་མི་ཡ་རབས་ཤིག་ཡིན་པ་ས་གནས་མང་ཚོགས་ཀྱི་བརྗོད་བཞིན་ཡོད་འདུག །