ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༢ ནས་ ༢༦ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ནས་ས་རཱ་མཐོ་སློབ་ཏུ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་བསླབ་གཞིའི་རྩ་འཛིན་དགོངས་དོན་བཞིན་གཞི་རིམ་བར་མའི་འཛིན་རིམ་ ༦ པའི་ཚན་རིག་སློབ་དེབ་ཀྱི་བསྐྱར་ཞིབ་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཡོད།
ཚོགས་འདུ་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས་དང་། ཚན་རིག་རྩོམ་སྒྲིག་པ་འཕྲིན་ལས་དབང་འདུས་ལགས། དེ་བཞིན་སཾབྷོ་ཊ་བོད་སློབ་ཁྱབ་ཁོངས་དྷ་ཤོད་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང། དྷ་ས་བོད་ཁྱིམ་ཁྱབ་ཁོངས་དྷ་སྟེང་བོད་ཁྱིམ་གྱི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས་བཅས་ཚོགས་ཞུགས་གནང་ཡོད། ད་ལན་ཉིན་ལྔའི་བསྐྱར་ཞིབ་ཚོགས་འདུ་དེར་འཛིན་རིམ་དྲུག་པའི་ཚན་རིག་སློབ་དེབ་ཀྱི་སློབ་ཚན་ལྷག་མ་ཆ་ཚང་བསྐྱར་ཞིབ་གནང་ཐུབ་པ་བྱུང་ཡོད།
ཚན་རིག་སློབ་དེབ་བསྐྱར་ཞིབ་དང་པར་སྐྲུན་སོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཀྱི་མཐུན་འགྱུར་གནང་མཁན་ཌ་ནི་ཌ་རོགས་ཚོགས་ཡིན་འདུག་པ་བཅས། །