ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །འདི་གར་འཇོ་ལ་ཁེལ་བསམ་གྲུབ་གླིང་བཟོ་གཞིས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་ལོར་བལ་ཡུལ་གཞུང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་སྔར་ལྷག་དམིགས་བསལ་དམ་དྲག་ཆེན་པོ་བྱས་པར་བརྟེན་ཀཐ་མན་གྲུ་ནང་གཞུང་འབྲེལ་རྒྱས་འཛོམས་སྔར་ལམ་བཞིན་ས་ཁག་གཅིག་དུ་འདུ་འཛོམས་མ་ཐུབ་པ་གནས་སྟངས་སུ་གྱུར་ཡོད་ནའང་བོད་མིའི་གནས་སྡོད་ས་ཁུལ་སོ་སོའི་སྒྲིག་འཛུགས་དང་དགོན་སྡེ་ཁག་བཅས་སུ་སྲུང་བརྩི་ཞུ་དགོས་བྱུང་བ་ལྟར། འདི་ག་འཇོ་ལ་ཁེལ་བཟོ་གཞིས་ལས་ཁུངས་ནས་ཀྱང་ས་གནས་ཀྱི་འབྲེལ་ཡོད་མངའ་གཞུང་གནས་ཡོད་མི་སྣ་རྣམས་ལ་ངག་ཐོག་ནས་ཆོག་མཆན་ཞུས་ཐོབ་ཐོག་སྔ་དྲོ་ཆུ་ཚོད་གཉིས་ལྷག་རིང་༸སྐུའི་འཁྲུངས་སྐར་མཛད་སྒོ་སྲུང་བརྩི་གང་ལེགས་ཞུས་ཐུབ་པ་བྱུང་ཡོད།
དེ་ཡང་ཉིན་དེར་ས་གནས་ནས་མཛད་རིམ་གཏན་འབེབས་ཞུས་པ་ལྟར། སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་འཇོ་ཁེལ་བཟོ་གཞིས་མི་མང་དང་ཁྱབ་ཁོངས་མི་མང་བསྡོམས་མི་མང་གྲངས་ ༣༠༠ ལྷག་ཙམ་བཟོ་གཞིས་ལས་ཁུངས་རྟེན་ཁང་མདུན་ཐང་དུ་འདུ་འཛོམས་ཀྱིས་བོད་སྐྱོང་ལྷ་སྲུང་རྣམས་ལ་༸སྐུའི་དགུང་ཀེག་ལོར་བར་ཆད་ཕྲ་མོ་ཙམ་ཡང་མི་འཕྲད་ཆེད་དང་། བོད་དོན་བདེན་མཐའ་གསལ་བའི་སྨོན་འདུན་གྱིས་བསངས་གསོལ་གྲུབ་མཚམས་གནས་ཡོད་མི་སྣ་རྣམས་ནས་༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལས་ཁུངས་ནས་རུམ་གདན་འགྲེམས་སྟོན་ཁང་ནང་མཛད་སྒོའི་བཞུགས་ཁྲིར་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས།
དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་རྣམ་གཉིས་ནས་མནྡལ་འདེགས་འབུལ་རྗེས་རིམ་བཞིན་སེར་སྐྱ་མི་མང་ཡོངས་ནས་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་གི་མཇལ་དར་འབུལ། དེ་བཞིན་བཟོ་གཞིས་བརྒྱ་དཔོན་རྣམས་ནས་རྟེན་འབྲེལ་མཚོན་བྱེད་དུ་སྐུ་མགྲོན་དང་། མི་མང་། སློབ་ཕྲུག་ཡོངས་ལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་རྗེས་མཛད་རིམ་བཞིན་ཨ་ཏི་ཤ་ཉིན་སློབ་སློབ་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོ་དང་གནས་ཡུལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་འབུལ་མཚམས་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་གཉིས་མཉམ་རུབ་ཐོག་ཕྱི་ལུགས་ལྟར་ཀེག་གཏུབ་འགྲེམས་ཞུས་རྗེས་ས་གནས་འགོ་འཛིན་གྱིས་དུས་ཆེན་དང་འབྲེལ་བའི་གཏམ་བཤད་དང་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་པ་མ་ཟད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གི་གསུང་འཕྲིན་མི་མང་རྣམས་ལ་འགྲེམས་སྤེལ་ཞུས།
མཐའ་དོན་གནད་ཡོད་མི་སྣ་དང་སློབ་ཕྲུག སེར་སྐྱ་མི་མང་ཡོངས་ནས་རྟེན་ཁང་མདུན་ཐང་དུ་ཕེབས་ནས་ཀི་སོ་འབྲུག་སྟོང་ལྡིར་བ་འཐེན་རྗེས་མི་མང་རྒན་གཞོན་ཕོ་མོ་ཡོངས་ནས་རྟེན་འབྲེལ་མཚོན་བྱེད་དུ་སྲོལ་རྒྱུན་གནའ་རབས་ཀྱི་སྒོར་གཞས་ལེའུ་གཉིས་དང་། དེང་དུས་ཀྱི་སྒོར་གཞས་ལེའུ་གཅིག་བཅས་འཁྲབ་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །
ཕུལ།།