ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས་ཉིན་སུད་སི་གྲོང་ཁྱེར་ཇི་ནི་བར་རྟེན་གཞི་བྱས་པའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་ལྷན་ཚོགས་ཐེངས་ ༤༡ འཚོགས་སྐབས། སུད་སི་དང་ལིག་ཏེན་སིཊཡན་Liechtenstein བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་ཞི་རྒོལ་ལས་གཞི་རྒྱ་ཆེ་སྤེལ་ཡོད།
སྐབས་དེར་བོད་མི་ཚོས་ལག་ཏུ་རྒྱལ་དར་འཁྱེར་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་ཤུགས་ཆེ་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱི་འཐུས་མི་ཁག་གཅིག་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་བཅས་ཐུག་འཕྲད་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་གསལ་འདོན་དང་། དེང་སྐབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་ཐད་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་འགན་ལེན་ཡོད་པ་ཞིག་བཟོ་ཐབས་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལྷན་ཁང་ནང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་སྐོར་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་མི་ཚོས་མཉམ་རུབ་ཐོག་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་ཁོང་གིས་སྐབས་དེར། དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱས་བཞིན་ཡོད་ཀྱང་། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཉིན་རེ་བཞིན་ཇི་ཞེན་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱལ་ཚོོགས་ཀྱི་འཐུས་མི་རྣམས་ནས་བོད་མིའི་དཀའ་སྡུག་ཐོག་མུ་ཐུད་སེམས་འཁུར་གནང་དགོས་པའི་འབོད་སྐུལ་གནང་འདུག
སུད་སི་དང་ལེག་ཏིག་སཊཡན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ ༤༡ དབུ་འབྱེད་སྐབས། ཚོགས་གཙོའི་གཏམ་བཤད་སྤེལ་བའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཚིག་གཅིག་འཁོད་མེད་སྟབས། བོད་མིའི་དཀའ་ངལ་ཐོག་རྒྱལ་ཚོགས་ངོས་ནས་ཁ་ཁུ་སིམ་པོར་གནས་པ་དེས་བོད་མིར་བློ་ཕམ་ཧ་ཅང་བྱུང་སྐོར་གསུངས།
དེ་ཡང་ནོར་བུ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ Michelle Bachelet མཆོག་ལ་བོད་དོན་ཞུ་སྙན་ཞིག་ཕུལ་འདུག ཞུ་ཡིག་ནང་གསལ། “གསར་འགོད་པ་རྣམས་བོད་ནང་རང་དབང་ཐོག་གནས་ཚུལ་མཁོ་སྒྲུབ་བྱེད་བཅུག་དགོས་པ་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་སྐོར་” སོགས་འཁོད་འདུག
དེ་རྗེས་སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་བསྟན་འཛིན་དབང་མོ་ལགས་དང་། སུད་སི་བུད་མེད་ཚོགས་པའི་ཚོགས་གཙོ་བདེ་སྐྱིད་ལགས་དང་། དེ་བཞིན་ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པའི་སྐུ་ཚབ་བསྟན་འཛིན་བདེ་ཆེན་ལགས་བཅས་ནས་གསུང་བཤད་གནང་འདུག
སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ ༤༡ དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ ཉིན་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༡༢ བཅས་ཉིན་གྲངས་ ༡༩ རིང་ཚུགས་གཏན་འཁེལ་ཡོད་པ་བཅས། །