ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༢ རེས་གཟའ་པ་སངས་ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Andy Levin མཆོག་མཇལ་འཕྲད་ཞུས་གནང་སྟེ། བོད་ནང་གི་དངོས་ཡོད་གནས་སྟངས་ཁག་སྙན་གསེང་དང་སྦྲགས། ཨ་རིའི་བོད་དོན་དམིགས་བསལ་མཐུད་པ་ཞིག་བསྐོ་གཞག་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
གྲོས་ཚོགས་འོག་མའི་འཐུས་མི་ཁོང་དེ་སྔ་ཨ་རིའི་ Michigan གཙུག་ལག་སློབ་ཁང་ནས་ཨེ་ཤི་ཡའི་སྐད་ཡིག་དང་རིག་གཞུང་། དེའི་ནང་ཚན་དམིགས་བསལ་བོད་སྐད་ཐོག་གཙུག་ལག་རབ་འབྱམས་ཐོན་མཁན་ཞིག་ཡིན་པ་མ་ཟད། ལྷག་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་སློབ་སྦྱོང་གནང་ཆེད་དུ་བོད་ལ་ཐེངས་འགའ་ཤས་ཕེབས་མྱོང་མཁན་ཞིག་ཡིན་པར་བརྟེན། ཉེ་དུས་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་མཇལ་འཕྲད་གནང་སྐབས་བོད་སྐད་ཐོག་བཀའ་མོལ་གནང་ཡོད་པ་རེད་འདུག
ཁོང་གཉིས་པོའི་ཕྱག་ཏུ་བཟུང་བའི་པར་སྒྲོམ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་དེ་སྔ་བོད་ལ་ཕེབས་སྐབས་བོད་ནང་གི་དགེ་འདུན་པས་གྱང་གི་སེར་ཁའི་ནང་སྦེད་སྐུང་བྱས་པའི་ཡེ་གེ་ཁག་གཅིག་གསང་བའི་ཐོག་ནས་ཁོང་ལ་ཕུལ་ཏེ་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་བྱས་པ་རེད་འདུག་ལ། གྲོས་ཚོགས་འཐུས་མི་ཁོང་གིས་ད་བར་བདག་གཅེས་གང་ལེགས་གནང་བའི་གསང་བའི་ཡི་གེ་དེ་དག་དོན་གཅོད་མཆོག་ལ་སྟོན་གནང་ཞིང་། རྒྱ་ནག་གིས་བོད་ཐོག་སྲིད་བྱུས་ལག་བསྟར་བྱེད་སྟངས་དེ་ནི་རིམ་བཞིན་མི་རིགས་རྩ་བརླག་གཏོང་བའི་ཐབས་བྱུས་ལྡན་པའི་སྲིད་བྱུས་ཤིག་ཡིན་པ་གསུངས་འདུག །