ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །འཛམ་གླིང་ཞེ་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་གྲོང་གསེབ་ཁེ་ནོ་ས་ Canossa ཞེས་པའི་ མཚར་སྡུག་ལྡན་པའི་ས་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལོ་ངོ་ ༢༠ འཁོར་བའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་དེ་ཡུལ་མི་ཚོས་དྲན་གསོ་དང་སྦྲགས་སྐལ་བཟང་གི་ཉིན་མོར་སྲུང་བརྩི་ཞུ་སླད། ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་འདུག
སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Luca Bolondi མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་སྦྲགས། ཁུལ་དེ་ནི་ལོ་རྒྱུས་ཐོག་འབྲེལ་མོལ་བྱེད་སའི་ས་ཁུལ་གལ་ཆེ་ཞིག་ཡིན་སྐོར་དང་། དཔེར་ན། དེ་སྔོན་ཡི་ཤུའི་བླ་ཆེན་ Pope Gregory VII མཆོག་དང་ཨིན་ཇིའི་རྒྱལ་པོ་ Henry IV མཆོག་རྣམ་གཉིས་དབར་མི་མཐུན་པའི་དཀའ་ངལ་རྣམས་ས་གནས་དེར་འབྲེལ་མོལ་ལམ་ནས་སེལ་ཐབས་གནང་ཡོད་སྐོར་སོགས་གསུངས་པ་དང་འབྲེལ། འབྱུང་འགྱུར་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་ཆེད་ས་གནས་ཀྱི་མཐུན་འགྱུར་ཞུ་ཆོག་སྐོར་གསུངས།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཡིད་སྐྱོའི་གནས་ཚུལ་སྐོར་དང་། རྒྱ་ནག་གཞུང་གི་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་ཐད་ཡིད་གཟབ་གནང་དགོས་སྐོར་སོགས་གསུང་དོན། “ལམ་གཅིག་དེ་ལ་བརྟེན་ནས་ང་ཚོའི་རང་བཙན་ཤོར་སོང་། ལམ་དེས་ཞི་བདེ་དང་ཡར་རྒྱས་ཀྱི་ལམ་སྣེ་འདྲེན་དགོས་པ་ཞིག་ཡིན་ཡང་། དེ་ལས་ལྡོག་སྟེ་ལམ་དེ་ནས་མེ་མདའ་དང་ལྕགས་ཁྲབ་འཁོར་ལོ་འདྲེན་སོང་།” ཅེས་གསུངས།
དེ་ཡང་མཛད་སྒོའི་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Luigi Bianchi མཆོག་དང་། ཕྱོགས་འགལ་ཚོགས་པའི་ལྕམ་སྐུ་ཨེན་ཏོ་ནེ་ལ་ཨིན་ཀར་ཏི་ Ms. Antonella Incerti མཆོག་རྣམ་གཉིས་ཕེབས་འདུག སྤྱིར་ཁོང་རྣམ་གཉིས་ཆབ་སྲིད་ཚོགས་པ་མི་འདྲ་ཡང་། བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་བཞེངས་ཕྱོགས་གཅིག་ཡིན་འདུག ལྷག་པར་འདི་ལོའི་གསུམ་དུས་མཛད་སྒོར་བཞུགས་སྒར་དུ་ཚུགས་སྐབས་ཁོང་གཉིས་ཆེད་ཕེབས་གནང་ཡོད་པ་བཅས།།