ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འབྲུག་བསྟན་སྐྱིད་ལགས་དང་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་ནང་སྐོར་སྐྱོད་ཀྱིས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་གཞོན་སྐྱེས་མཐོ་རིམ་སློབ་མ་རྣམས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་བཞིན་ཡོད།
དེ་ཡང་ཁོང་རྣམ་པ་གཉིས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཁྲིམས་ལུགས་མཐོ་སློབ་ཁང་ The National Law School India University དུ་ ༼ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ། ༽ Human Rights Violations: The Case of Tibet ཞེས་པའི་བརྗོད་གཞིའི་ཐོག་མཐོ་སློབ་ཁང་གི་སློབ་མ་གྲངས་ ༦༠ ཙམ་ལ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། སྐད་ཡིག་རང་དབང་།
འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་བོད་དཀར་མཛེས་ཁུལ་གྱི་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་ཕྱིར་འབུད་བཏང་བ། བོད་མི་དོན་མེད་འཛིན་བཟུང་བཀག་ཉར་དང་མནར་གཅོད་བཏང་བ། རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་་སྲིད་བྱུས་འོག་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་ཡོད། གཞན་ཡང་རྒྱ་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་སྐུའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐད་ཐེ་གཏོགས་བྱེད་བཞིན་པ་དང་། མཐོ་རིམ་སློབ་མ་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཞིབ་འཇུག་གི་ལམ་ནས་རྩོམ་ཡིག་གང་མང་སྤེལ་དགོས་པའི་འབོད་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་རྗེས་དྲི་བ་དྲིས་ལན་གནང་ཡོད།
ཕྱི་ཚེས་ ༢༦ ཉིན་གོང་གི་བརྗོད་གཞི་དང་འབྲེལ་བའི་སྐོར་སན་ཊི་འཇོ་སེ་ཧྥི་མཐོ་སློབ་ཁང་ St. Joseph College དུ་མཐོ་རིམ་སློབ་མ་གྲངས་ ༥༠ ཙམ་ལ་གཏམ་བཤད་གནང་ཡོད་པ་དང་། དགོང་དྲོ་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེང་ལོར་བོད་ཁྱིམ་གཞོན་ནུ་སྡོད་ཁང་དུ་སྦེང་ལོར་གྲོང་ཁྱེར་ནང་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་བོད་མིའི་མཐོ་རིམ་སློབ་མ་རྣམས་ལ་བོད་ནང་གི་གནས་སྟངས་སྤྱིའི་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་ཡོད་པ་བཅས།།