ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ཁྱབ་ཁོངས་པེ་རི་སིའི་འབྲེལ་མཐུད་ཁང་དང་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པ་ Tibet Information Group of the French Senate ཐུན་མོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོའི་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པའི་ཚོགས་གཙོ་དང་གྲོས་ཚོགས་གོང་མིའི་ཚོགས་མི་སྐུ་ཞབས་ Michal Raison ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྲོས་ཚོགས་གོང་མ་དང་འོག་མའི་ནང་ལོ་ལྟར་རེས་མོས་ཀྱི་སྲུང་བརྩི་ཞུ་བཞིན་ཡོད་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དེས་འགྲོ་བ་མི་མང་པོ་ཞིག་གི་སེམས་ལ་ཞི་བདེ་སྐྲུན་གནང་གི་ཡོད་པ། མགོན་པོ་གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པ་གོ་ཐོས་བྱུང་བས། ཁོང་རང་ཉིད་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་སྐོར་སོགས་གསུངས།
སྐབས་དེར་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་སྐུའི་འཁྲུངས་སྐར་གོ་སྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཉེ་ཆར་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༡༡༠ ལྷག་འཚོ་བཞུགས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་ཡོད་སྐོར་སོགས་གསུང་།
མཛད་སྒོའི་ཐོག་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པའི་ཚོགས་གཙོ་དང་གྲོས་ཚོགས་གོང་མིའི་ཚོགས་མི་སྐུ་ཞབས་ Michal Raison ལགས་ཀྱིས་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་མི་གསུམ་དང་། གྲོས་ཚོགས་འཐུས་མི་གཉིས། དེ་བཞིན་ཨ་རི་དང་། ཨ་ཡི་སི་ལེན་ཌི། Iceland ཐའེ་ཝན་བཅས་ཀྱི་གཞུང་ཚབ་མི་སྣ་སོགས་ཁྱོན་མི་གྲངས་ ༧༥ ལྷག་ཙམ་མཉམ་འཛོམས་གནང་ཡོད་འདུག་པ་བཅས། །