ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །སྐུ་ཞབས་ཡེ་དི་ཡུ་རབ་པ་ B.S. Yediyurappa མཆོག་སླར་ཡང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་བའི་ནང་འཁོད་དོན། ངས་བོད་མི་མང་གི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་སླར་ཡང་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་ཁྱབ་བློན་ཆེན་མཆོག་གིས་བར་ཆད་མེད་པར་མི་མང་གི་མངོན་འདོད་མཐའ་དག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་། རྒྱ་གར་ནང་ཀར་ན་ཊ་ཀ་མངའ་སྡེ་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་ཆགས་སའི་མངའ་སྡེ་ཡིན་པ་མ་ཟད། བཙན་བྱོལ་བོད་མི་ཚོས་རང་དབང་གི་སྒོ་ནས་རང་གི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་སའི་དགོན་སྡེ་ཁག་མང་ཤོས་དེ་ཆགས་ཡོད། བཙན་བྱོལ་བོད་མི་ཚོ་ཀར་ན་ཊ་ཀ་མངའ་སྡེའི་ནང་གཞིས་ཆགས་པ་ནས་བཟུང་བོད་མི་ཚོར་མངའ་སྡེ་གཞུང་དང་མི་མང་གིས་གཏོང་ཕོད་ཆེན་པོའི་སྒོ་ནས་བྱམས་སྐྱོང་གནང་ཡོད་པར་བརྟེན། བོད་མི་རྣམས་ལ་མཚོན་ན་ཀར་ན་ཊ་ཀ་མངའ་སྡེའི་གཞུང་དང་མི་མང་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་བོད་མི་དང་ཡུལ་མི་བར་མཛའ་གྲོགས་ཀྱི་འབྲེལ་ལམ་སྔར་ལས་ལྷག་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཡོད། ཅེས་གསུངས། །