ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༤ ཉིན་གྱི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བཙན་བྱོལ་བོད་གཞུང་མང་གཉིས་ཀྱི་ཞབས་འདེགས་ལོ་མང་ཞུས་པའི་གཞུང་ཞབས་བགྲེས་ཡོལ་བ་རྣམ་པ་དང་། ལས་ཟུར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་མཛད་སྒོ་ཞིག་གོ་སྒྲིག་གནང་སྟེ་གཞས་སྣ་གཟིགས་འབུལ་དང་འབྲེལ་དགོང་ཚིགས་རྒྱས་པ་ཞིག་འབུལ་ལམ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་འགན་འཛིན་རྣམ་པ། གཞུང་ཞབས་བགྲེས་ཡོལ་བ་རྣམ་པ་དང་། ལས་ཟུར་བ་སོགས་ཁྱོན་མི་གྲངས་ ༣༠༠ ཙམ་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ཟུར་པ་རྣམ་པ། དེ་བཞིན་དྲུང་ཆེ་དང་དྲུང་ཆེ་ཟུར་པ་རྣམ་པ། གཞུང་ཞབས་བགྲེས་ཡོལ་བ་རྣམ་པ་དང་། ལས་ཟུར་བ་ཡོངས་ལ་ངས་ཐོག་མར་བཀའ་ཤག་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྣམ་པ་ཚོ་ནི་ལོ་ངོ་བཅུ་དང་ཉི་ཤུ། བཞི་བཅུ་ལྷག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་མིའི་སྒྲིག་འཛུགས་དང་རྩ་དོན་སླད་ཞབས་འདེགས་ཞུ་མཁན་ཡིན་སྟབས་དེ་རིང་འདིར་རྣམ་པ་ཚོའི་མདུན་དུ་སྐད་ཆ་བཤད་རྒྱུར་ཕྲན་བུ་འཚེར་སྣང་ལྟ་བུ་འདུག འོན་ཀྱང་ཕྲན་ལ་འགན་ཞིག་ཡོད་པར་བརྟེན་ཚིག་ཁ་ཤས་ཤིག་ཞུ་རྒྱུར། སང་ཕྱིས་ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་ཞབས་ཟུར་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ
ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བོད་གཞུང་མང་ལྷ་མི་ཡོངས་ནས་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ
ཚང་མས་མཁྱེན་གསལ་ལྟར། བོད་སྤྱི་པའི་རྩ་དོན་སླད་དབུ་ཁྲིད་ལམ་སྟོན་གནང་མཁན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་མེད། མགོན་པོ་གང་ཉིད་མཆོག་གིས་དགུང་ལོ་བཅུ་དྲུག་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ད་བར་བོད་སྤྱི་པའི་རྩ་དོན་སླད་ལམ་སྟོན་དང་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ནང་ང་ཚོ་མགོ་བཀྱགས་ནས་འགྲོ་རྒྱུ་ཡོད། བོད་བསྟན་པ་ཆབ་སྲིད་ལ་ཡིན་ནའང་ཆེ་མཐོང་དང་རྒྱབ་སྐྱོར་ཐོབ་རྒྱུ། བོད་མིའི་སྒྲིག་འཛུགས་འདི་ཉིད་ཧྲ་ཏག་ཏག་ཡོད་པ་མགོན་པོ་གང་ཉིད་མཆོག་གིས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇི་ཙམ་སྐུ་ཚེ་ཡིན་རིང་གནས་པ་ཡིན་ན་བོད་བསྟན་པ་ཆབ་སྲིད་ལ་ཐུགས་ཕན་སོས་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་འདི་ཧྲ་ཏག་ཏག་ཆགས་པ་ནི་མི་ཐོག་རྒན་པ་རྣམས་ཀྱི་བཀའ་དྲིན་དང་དེ་སྔའི་སྲི་ཞུའི་ལས་བྱེད་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་སྤྱི་པའི་རྩ་དོན་སླད་མི་ཚེ་ཧྲིལ་པོ་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན། ད་ལྟའི་ཆར་འཛམ་གླིང་ནང་སྐྱབས་བཅོལ་བ་ས་ཡ་དྲུག་ཅུ་ཙམ་ཡོད་སྐོར་བརྗོད་བཞིན་ཡོད། དེ་དག་གི་ཁོངས་ནས་བོད་མིའི་སྒྲིག་འཛུགས་འདི་ཚགས་ཚུད་ཤོས་ཡིན་པ་བརྗོད་མི་དགོས་པ་རེད། འོན་ཀྱང་ཚགས་ཚུད་ཤོས་ཡོང་དགོས་དོན་ནི། རྣམ་པ་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།
དེར་བརྟེན་དེ་སྔ་སྐུ་ལས་བསྐྱོན་པ་ནང་བཞིན་བོད་མིའི་སྒྲིག་འཛུགས་ཚགས་ཚུད་པོ་དང་ཡར་རྒྱས་ཡོང་སླད་མུ་མཐུད་བཀའ་སློབ་ལམ་སྟོན་དང་འབོད་བརྩོན་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན། རྣམ་པ་ཚོ་ས་ཐག་རིང་པོ་ནས་ཕེབས་སྟབས། བོད་མིའི་སྒྲིག་འཛུགས་ནས་དགོང་ཚིགས་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་རྣམ་པ་ཚོ་མི་ཚེ་ཧྲིལ་པོ་བོད་བསྟན་པ་ཆབ་སྲིད་སླད་ཞབས་འདེགས་ཞུས་པར་བོད་མིའི་སྒྲིག་འཛུགས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་གངས་སྐྱིད་ལས་བྱེད་གསོལ་ཚང་དུ་དགོངས་ཚིགས་འདེགས་འབུལ་ཞུ་ཡོད་པ་བཅས། །