ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ལོ་ཝིན་ཅ་ Lo Wen-jia,Secretary General,Democratic People’s Party ལགས་ཀྱིས་སྣེ་ཁྲིད་འོག་ཡར་ཐོན་ཚོགས་པའི་སྤྱི་དམངས་འབྲེལ་ལམ་སྡེ་ཚན་གྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཤེ་ཡུ་ལི་ Hsieh Yu-Li,Director of Public Relations ལགས་དང་ཚོགས་པའི་མགྲིན་ཚབ་པ། སྤྱི་དམངས་འབྲེལ་ལམ་སྡེ་ཚན་གྱི་ངེས་སྟོན་པ་གཞོན་པ་སྐུ་ཞབས་ལི་ཝན་ Lii Wen,Deputy Director of Public Relations ལགས་བཅས་བཞུགས་སྒར་དུ་ཆེད་བཅར་གྱིས་ཟླ་འདིའི་ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད།
མཇལ་ཁ་གྲུབ་མཚམས་སྐུ་ཞབས་ལོ་ཝིན་ཅ་ Lo Wen-jia ལགས་ཀྱིས་གསུང་དོན། ད་རེས་འཚམས་གཟིགས་འདི་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་སྐུ་ཚབ་ཐོག་ནས་བཅར་བ་ཞིག་ཡིན། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་སླད་ཐུགས་སྨོན་དང་འཚམས་འདྲི་ཞུ་སླད་བཅར་བ་ཡིན། མཇལ་ཁའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཐེ་ཝན་གྱི་མང་གཙོ་འཕེལ་རིམ་ཡར་རྒྱས་དང་། མ་འོངས་པར་ཐེ་ཝན་དང་བོད་གཉིས་ཀྱི་རང་དབང་འཐབ་རྩོད་ཐད་བཀའ་མོལ་ཞུ་རྒྱུ་བྱུང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ནན་པོ་བསྩལ་བ་དང་ལྷན་ཐེ་ཝན་གྱི་མང་གཙོ་སྟོབས་ཤུགས་དེ་ཐེ་ཝན་གྱི་མ་རྩ་ཆེ་ཤོས་ཡིན་པའི་བཀའ་སྩལ་བྱུང་། ང་རང་གི་ངོས་ནས་ཀྱང་ཐེ་ཝན་གྱི་མང་གཙོ་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེན་པོ་བྱུང་ཡོད་པ་ལྷན་ད་ལྟའི་ཆར་རྒྱ་ནག་གཅིག་སྡུད་དབང་འཛིན་པས་ཉེན་ཁ་ཞིག་ཀྱང་འཕྲད་བཞིན་ཡོད་སྟབས། མང་གཙོ་ལོངས་སྤྱོད་དང་ལྷན་སྲུང་སྐྱོབ་བྱ་རྒྱུའི་འབད་བརྩོན་ཡང་བྱེད་བཞིན་ཡོད་སྐོར་སྙན་གསེང་ཞུ་རྒྱུ་བྱུང་། ཞེས་དང་།
ལྷག་པར་མཇལ་ཁའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་དགུང་ལོ་ ༡༠༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་དང་། ༸སྐུའི་ཡང་སྲིད་ཀྱི་གནས་དོན་ཐད་བྲེལ་བ་མེད་པ་མ་ཟད། ༸སྐུའི་ཡང་སྲིད་ཐད་ནང་པ་ཁྱོན་ཡོངས་ནས་གོ་བསྡུར་བྱ་དགོས་པ་ཞིག་མ་གཏོགས་རྒྱ་ནག་གཞུང་གིས་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་གང་ཡང་མེད་སྐོར་བཀའ་བསྩལ་སོང་།
སྐབས་དེར་ངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་ཡང་སྲིད་དེ་ཐེ་ཝན་ནང་འཁྲུངས་སྲིད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས། སྲིད་པ་རེད་ནང་པའི་རྒྱལ་ཁབ་གང་དུའང་༸སྐུའི་ཡང་སྲིད་འཁྲུངས་ངེས་ཡིན་སྐོར་བཀའ་བསྩལ་ཡོད་སྐོར་གསུངས་ཡོད།
ལྷག་པར་ཁོང་གིས་བོད་མིར་བརྡ་ལན་དང་འབྲེལ་ཏེ་ཐེ་ཝན་དང་བོད་དབར་གདོང་ལེན་གནང་ཡུལ་དང་དཀའ་ངལ་གཅིག་མཚུངས་ཡིན་སྟབས་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་གནང་དགོས་སྐོར་གསུངས་ཡོད་པ་བཅས། །