ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ས་ཕྱོགས་གང་ས་ནས་སྐྱེས་བུ་མཆོག་དམན་མང་པོས་མ་སྐུལ་དྭང་བླངས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་ཞུས་པར་ཐུགས་དགྱེས་ཚོར་དང་སྦྲགས། ཕྱི་ཚེས་ ༡༠ ཉིན་ཏཱ་ལའི་བླ་མའི་ཨིན་ཡིག་དྲ་རྒྱའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཛད་པའི་གནས་ཚུལ་ཞིག་འདོན་སྤེལ་གནང་བའི་ནང་འཁོད་དོན།
ཕྱི་ཟླ་ ༧ ཚེས་ ༦ ཉིན་ངོས་ཀྱི་སྐྱེས་སྐར་ལ་སེམས་ཐག་ཉེས་པོས་མཛའ་བརྩེའི་འཚམས་འདྲི་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ངོས་རང་ད་ཆ་ལོ་ན་ ༨༤ རེད། འབྱུང་འགྱུར་ལོ་མང་པོའི་རིང་ངོས་རང་ཁྱེད་ཚོ་དང་ལྷན་དུ་སྐྱེས་སྐར་སྲུང་བརྩི་བྱེད་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ངོས་ཀྱིས་དེ་སྔ་བརྗོད་པ་ལྟར། གལ་ཏེ་ཁྱེད་ཚོས་ངོས་ལ་སྐྱེས་སྐར་ཕྱག་རྟགས་ཤིག་སྤྲད་བསམ་པ་ཡོད་ན། ཕྱག་རྟགས་ཡག་ཤོས་ནི་འགྲོ་བ་མིའི་བཟང་སྤྱོད་འདུ་ཤེས་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ། དེ་བཞིན་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ཐུན་མིན་རིག་གཞུང་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་འབད་བརྩོན་བྱ་རྒྱུ་དེ་ཡིན།
དེའི་ཐོག་ད་ཆ་ངོས་ཀྱིས་རྒྱ་གར་ནང་སྲོལ་རྒྱུན་ལེགས་བཤད་བསྐྱར་གསོ་བྱ་རྒྱུ་དེ་ལས་འགན་བཞི་པ་དེ་ཡིན། ལྷག་པར་རྒྱ་གར་གཞོན་སྐྱེས་ཁྲོད་སྲོལ་རྒྱུན་རིག་གནས་དེ་དག་ལ་དོ་དབྱིངས་སླེབ་ཐུབ་པ་ཞིག་བཟོས་པ་བརྒྱུད། དེང་དུས་ཤེས་ཡོན་ལམ་ལུགས་ནང་རྒྱ་གར་སྲོལ་རྒྱུན་སེམས་ཁམས་རིག་པའི་རྣམ་གཞག་གཞིར་བཟུང་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་ཐབས་ཀྱི་བསླབ་བྱ་དེ་དག་ཟུང་འབྲེལ་ཐུབ་པ་བྱུང་ན་ཤེས་ཡོན་ཆ་ཚང་བ་ཞིག་ཡོང་རྒྱུར་ཕན་ཐོགས་བྱེད་ཐུབ། ད་ལྟ་འཛམ་གླིང་ཁྱོན་དུ་ང་ཚོས་མཐོང་བཞིན་པའི་རྙོག་གྲ་དེ་དག་ཕལ་མོ་ཆེ་སེམས་རྒྱུད་ཆགས་སྡང་སོགས་ཀྱི་གཞན་དབང་ལ་བརྟེན་ནས་དེར་གཉེན་པོ་བསྟེན་མ་ཐུབ་པར་བྱུང་བ་རེད། དེར་བརྟེན་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་རིག་གནས་དེ་དག་མིའི་བསམ་བློའི་རྣམ་གཞག་སྐོར་གཙོ་བོ་རེད།
བློའི་རྣམ་གཞག་དང་བྱེད་ལས་སྐོར་ལེགས་བཤད་ཧ་ཅང་ཕྱུག་པོ་ཡོད། ལེགས་བཤད་དེ་དག་དེང་དུས་སྤྱི་ཚོགས་ནང་དུའང་འབྲེལ་བ་ཆེན་པོ་འདུག ལེགས་བཤད་དེ་དག་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་བྱ་ལྟ་བུར་ངོས་འཛིན་བྱེད་ཐུབ་ཚེ་ཕན་ཐོགས་ཧ་ཅང་འདུག ཆོས་ཕྱོགས་ཀྱི་སྐད་ཆ་གང་ཡང་མ་རེད། ང་ཚོས་ལུས་ཁམས་བདེ་ཐང་སླད་ལུས་པོའི་འཕྲོད་བསྟེན་གལ་ཆེར་འཛིན་པ་ལྟར། བསམ་བློའི་འཕྲོད་བསྟེན་ཡང་གལ་ཆེར་བརྩིས་ནས་ཉོན་མོངས་པའི་བློར་གཉེན་པོ་བསྟེན་ཕྱོགས་སྐོར་ལ་དོ་སྣང་བྱེད་དགོས། དེ་ལ་བརྟེན་ནས་སེམས་ནང་ཞི་བདེ་སྐྲུན་ཐུབ། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་དོན་གཉེར་བ་ཚོར་བསམ་ཚུལ་འདི་རང་བརྗོད་ཀྱི་ཡོད། དེའི་ཐོག་ཕྱར་གྲུ་མཉམ་འདེགས་གནང་ཐུབ་ཚེ་ངོས་ལའང་བཀའ་དྲིན་ཆེ་བ་ཞིག་ཡོང་བ་འདུག །