ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་སུད་སིའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༡ འཚོགས་བཞིན་པའི་སྐབས་དང་བསྟུན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་བཅས་གང་མགྱོགས་གློད་བཀྲོལ་གཏོང་དགོས་ཞེས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོའི་གྲྭ་བློ་བཟང་རྡོ་རྗེ་ལགས་དང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་འབྲེལ་མཐུད་པ་དཀོན་མཆོག་ཡག་ལྷ་ལགས། འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་བཅས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ UN High Commissioner for Human Rights ཀྱི་ཚོགས་གཙོ་མཆོག་གི་ལས་ཁུངས་སུ་བོད་མི་དང་། ནང་པ་སངས་རྒྱས་པའི་རྗེས་འབྲང་བ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མི་གྲངས་ ༡༨༨༤༣ བཅས་ཀྱིས་མཚན་རྟགས་བཀོད་པའི་ཞུ་ཡིག་ཅིག་ཕུལ་ཡོད།
དེ་ཡང་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་ལྷན་དུ་ཐུག་འཕྲད་གནང་སྟེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་བཅས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པས་ཐུགས་འཚབ་ཧ་ཅང་གནང་གི་ཡོད་པ་མ་ཟད། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ཀྱི་སྐོར་གླེང་སློང་ཤུགས་ཆེ་གནང་།
རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་བའི་ནང་དོན་ཚན་བཞི་རེ་འདུན་བཏོན་ཡོད། དང་པོ། རྒྱ་ནག་གཞུང་གིས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་བཅས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པ། གཉིས་པ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་མིན་དང་ད་ལྟ་གང་དུ་ཡོད་མེད་སྐོར་གསལ་འདོན་བྱེད་དགོས་པ། གསུམ་པ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་གཟུགས་གསལ་ཐང་ཡིན་མིན་དང་ད་ལྟ་གང་དུ་ཡོད་མེད་སྐོར་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དངོས་སུ་བདེན་པ་ར་སྤྲོད་བྱེད་འཇུག་དགོས་པ། བཞི་པ། རྒྱལ་ཚོགས་ཀྱི་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་བོད་ནང་རང་དབང་གི་སྒོ་ནས་རྟོག་ཞིབ་བྱེད་པར་གོ་སྐབས་བསྐྲུན་དགོས་པ། རྒྱ་གཞུང་གིས་གོང་གི་དོན་ཚན་དེ་དག་ལག་བསྟར་བྱེད་པར་རྒྱལ་ཚོགས་ཀྱིས་བར་འདུམ་གནང་དགོས་ཞེས་འཁོད་ཡོད། །