ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཨ་རི་བ་གཏོང་ཕོད་ཅན་གྱི་འབྱོར་ལྡན་སྐུ་ཞབས་ཌེན་ནི་སན་ཕོཌ་ Denny Sanford ལགས་ཀྱིས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༦ ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སན་ཌི་ཡ་གོའི་གྲོང་ཁྱེར་གྱི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ University of California San Diego ཏུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས། འབྱོར་ལྡན་པས་ཟུར་མཇལ་ཞུས་འདུག ལོ་གཉིས་ཀྱི་རྗེས་སུ་ཁོང་གིས་མཐོ་སློབ་དེར་ཨ་སྒོར་ས་ཡ་བརྒྱ་ཞལ་འདེབས་སུ་གནང་འདུག
དེ་ཡང་ཁོང་གིས་དེ་ལྟར་ཞལ་འདེབས་གནང་དགོས་དོན་ནི། ཟུར་མཇལ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་ཆེན་པོ་མཆོག་གིས། ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་སྟབས། ད་ཆ་གནའ་དེང་ཤེས་ཡོན་ཟུང་འབྲེལ་འོག་རིས་སུ་མ་ཆད་པའི་བྱམས་བརྩེའི་བློ་གོང་འཕེལ་གཏོང་ཐབས་གལ་འགངས་ཆེ་ཚུལ་བཀའ་སློབ་སྩལ་བ་དེས་ཁོང་གི་བསམ་བློར་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད་སྐོར་གསུངས། དངུལ་དེ་དག་ཚན་རིག་གི་ལམ་ནས་བྱམས་བརྩེ་དང་མཉམ་བརྗེའི་བློ་ཇི་ལྟར་གོང་འཕེལ་གཏང་རྒྱུར་ཉམས་ཞིབ་ཆེད་དུ་ཡིན་འདུག་པ་མ་ཟད། སྨན་པ་དང་འཕྲོད་ལས་པ་ཚོར་དམིགས་བསལ་ཟབ་སྦྱོང་གི་མཐུན་འགྱུར་སྐྲུན་རྒྱུ་སོགས་ཡིན་འདུག
དེ་ཡང་ཁོང་གིས་གསུང་དོན། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་དང་ཚན་རིག་དང་། སྲོལ་རྒྱུན་ལེགས་བཤད་ཟུང་འབྲེལ་སྒོ་ནས་འགྲོ་ཐུབ་དགོས་པའི་ལམ་སྟོན་བཀའ་སློབ་དེ་དག་གིས་ང་རང་སེམས་འགུལ་ཧ་ཅང་ཐེབས་བྱུང་།” ཞེས་སན་ཌི་ཡ་གོའི་གྲོང་ཁྱེར་གྱི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ནས་བསྒྲགས་གཏམ་སྤེལ་བ་དེའི་ནང་ཁོང་གིས་གསུངས་འདུག བསྒྲགས་གཏམ་ནང་འཁོད་དོན། “སྨན་གྱི་ཆེད་ལས་ནང་བྱམས་བརྩེའི་དགོས་མཁོ་ཧ་ཅང་ཡོད། འོན་ཀྱང་དེང་དུས་སྨན་བཅོས་ལམ་ལུགས་ནང་བྱམས་བརྩེས་ཕོངས་པ་དེ་དངོས་ཡོད་གནས་ཚུལ་རེད། གལ་ཏེ་ང་ཚོས་ཚན་རིག་གི་ལམ་ནས་སྨན་གྱི་ཆེད་ལས་ནང་བྱམས་བརྩེའི་གལ་གནད་ཇི་ཙམ་ཡོད་པ་བརྟག་དཔྱད་ཀྱི་ལམ་ནས་བསྒྲུབ་ཐུབ་པ་ཡིན་ན་འཛམ་གླིང་སྔར་བས་ཇེ་བཟང་ཞིག་ཆགས་ཐུབ།” ཅེས་གསུངས། མཐོ་སློབ་ཀྱི་འཕྲོད་བསྟེན་ཚན་པའི་ཉེ་བའི་རིག་བདག་སྐུ་ཞབས་བྷར་ནར་ Dr Brenner ལགས་ཀྱིས་ཀྱང་ཞལ་འདེབས་དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཐོ་སློབ་ཏུ་ཆིབས་སྒྱུར་བསྐྱངས་སྐབས། ཁོང་ལ་ཟུར་མཇལ་སྐབས་བཀའ་སློབ་སྩལ་བ་དེས་ཁོང་གི་བསམ་བློར་ཤུགས་རྐྱེན་ཧ་ཅང་ཐེབས་པ་ལས་བྱུང་སྐོར་འགྲེལ་བརྗོད་གནང་འདུག་པ་བཅས། །