ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ ཉིན་ལ་དྭགས་རྒྱལ་ས་སླེའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ལ་སྤྱི་དང་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་གི་དྲུང་ཆེ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་ལ་སྤྱི་ལས་ཁུངས་སུ་ལ་དྭགས་བསོད་ནམས་གླིང་གི་གཞིས་མི་དང་། གཞིས་གྲོང་ཁག་གི་སྤྱི་མི་བརྒྱ་དཔོན། ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་བཅས་ཚང་འཛོམས་ཐོག་ཕེབས་བསུའི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས། སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་དང་ལ་སྤྱི་བཅས་ནས་གསུང་བཤད་གནང་ཡོད།
ཐེངས་འདིར་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསར་དུ་འོས་འདེམས་བྱུང་བའི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་སྐུ་ཞབས་དབང་རྒྱལ་ Gyal P.Wangyal མཆོག་དང་། ལ་དྭགས་ཀྱི་ Divisional Commissioner སྭ་གཏ་བྷིས་ཝས་ Swagat Biswas མཆོག གསར་དུ་འོས་འདེམས་བྱུང་བའི་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་པི་ཌི་ཀུན་བཟང་མཆོག་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་ད་བར་ལ་སྤྱི་ལས་ཁུངས་སུ་མཐུན་འགྱུར་དང་ལམ་སྟོན་མུ་མཐུད་གནང་བར་བསྔགས་བརྗོད་དང་འབྲེལ་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བདེ་དོན་དང་འབྲེལ་བའི་ལས་གཞི་ཁག་ལ་མཐུན་འགྱུར་ཡོང་སྐོར་ཞུས་གནང་འདུག
ཕྱི་ཚེས་ ༤ ཉིན་བཀའ་བློན་མཆོག་ལ་བྱང་ཁུལ་གནས་སྡོད་བོད་མི་རྣམས་ཀྱི་ཆེད་གཞིས་གྲོང་ ༡ ནང་ནད་གསོ་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་དང་། ལ་སྤྱི། ཡན་ལག་སྨན་རྩིས་ཁང་དང་ལ་དྭགས་བོད་ཁྱིམ་སོགས་ཚོགས་སྡེ་ཁག་གི་འགན་འཛིན། གཞིས་གྲོང་ཁག་གི་སྤྱི་མི་བརྒྱ་དཔོན་སོགས་ཆེད་ཕེབས་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་ནད་གསོ་ཁང་གསར་རྒྱག་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སླེ་ཁུལ་དུ་ནད་གཅོང་རིགས་ཕོག་པའི་ནད་པ་ཚོ་སྟབས་བདེ་ཡོང་བ་དང་། ཁོང་ཚོའི་དཀའ་ངལ་སེལ་ཆེད་ཡིན་སྐོར་སོགས་གསུང་བཤད་གནང་།
གཞན་ཡང་བཀའ་བློན་མཆོག་གིས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་གཟིགས་ཞིབ་དང་ཡན་ལག་སྨན་རྩིས་ཁང་ལ་འཚམས་གཟིགས་གནང་ཡོད་པ་མ་ཟད། ལ་སྤྱི་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་དྲུང་ཆེ། ཡན་ལག་སྨན་རྩིས་ཁང་གི་འགན་འཛིན། འབྲེལ་ཡོད་ལས་བྱེད་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་སྔ་ཕྱི་ཐེངས་མང་ཕེབས་ཡོད་པ་གཞིར་བཟུང་། ཕྱི་ལུགས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གསོ་བ་རིག་པ་གཉིས་ཟུང་འབྲེལ་བརྒྱུད་ནད་པའི་དཀའ་ངལ་སེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད།
ཕྱི་ཚེས་ ༦ ཉིན་བཀའ་བློན་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས།།