ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རྣམ་འདྲེན་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ ༸ གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསིལ་ལྡན་སཱ་ལའི་སྨན་ལྗོངས་སུ་ངོ་མཚར་མཚན་དཔེའི་ལང་ཚོ་བཞད་ནས་བགྲང་བྱ་ ༨༤ ཧྲིལ་པོར་འཁོར་བའི་རྫོགས་ལྡན་དཔྱིད་དཔལ་བསུ་བའི་བསྐལ་བཟང་གི་དུས་ཚེས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༩ ཐོག་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་གདན་སའི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། དགེ་འདུན་འདུས་དམངས་ཡོངས་རྫོགས་ལྷན་དུ་འཛོམས་ཏེ་འཕགས་པ་བཀྲ་ཤིས་བརྒྱད་པས་སྣེ་དྲངས་ཏེ་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཎྜལ་རྟེན་གསུམ་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས་འདུས་ཚོགས་ཡོངས་ནས་སྐུ་ཚེ་རིམ་སྒྲུབ་གནད་སྨིན་དང་སྦྲགས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས།
དེ་ནས་གཙུག་ལག་ཁང་གི་མདུན་ཁྱམས་སུ་ཚང་འཛོམས་ཐོག་དེང་རབས་ཀྱི་ལམ་སྲོལ་དང་མཐུན་པར་༸སྐུའི་འཁྲུངས་སྐར་བསུ་བའི་ཤིས་ཚིག་གྱེར་དབྱངས་དང་འབྲེལ་མངར་ཟས་འདེགས་འབུལ་ཞུས་ཡོད་པ་མ་ཟད། ལྷག་པར་༸མགོན་པོ་གང་ཉིད་མཆོག་འདི་ལོའི་དགུང་ཀེག་སོགས་ཕྱི་ནང་གསང་གསུམ་གྱི་སྐུ་གེགས་མཚན་ལྟས་ཞི་ཞིང་སྐུ་ཚེ་མཛད་འཕྲིན་རྒྱས་པའི་ཞབས་རིམ་དུ་སྐུའི་དགུང་གྲངས་དང་མཉམ་པའི་འདབ་ལྡན་རྩི་ཤིང་འདེབས་འཛུགས་དང་། མཱ་རན་ཌ་མིག་གི་སྨན་ཁང་ The Rotary Eye Hospital Maranda ནས་ཆེད་ལས་སྨན་པ་གདན་ཞུས་ཀྱིས་ས་གནས་རྒྱ་གར་ཡུལ་མི་དང་། ཉེ་ཁུལ་བོད་མིའི་གཞིས་གྲོང་ཁག་ནས་ཕེབས་པའི་ནད་པ་རྣམས་ལ་མིག་ནད་བརྟག་དཔྱད་དང་སྨན་སྦྱིན། ན་ཚའི་བབ་བསྟུན་གྱིས་མིག་ཤེལ་སྒྲིག་སྦྱོར་དང་གཤག་བཅོས་བཅས་རིན་མེད་མིག་ནད་སྨན་བཅོས་ཀྱི་སྲི་ཞུ་ཞབས་འདེགས་གྲུབ་པ་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས། །