ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ ཉིན་སི་ཀོཌ་ལེ་ཌིའི་ Scotland རྒྱལ་ས་ཨཌིན་བྷ་རར་Edinburgh གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་གནང་བ་དང་། མགྲོན་འབོད་གནང་མཁན་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མར་ཊིན་མིལ་སི་Martin Mills མཆོག་ཡིན་ཞིང་། དཔལལྡན་སྲིད་སྐྱོང་མཆོག་ལ་ས་གནས་བོད་མི་ཚོས་དགོང་དྲོའི་གསོལ་ཚིགས་ཕུལ་འདུག
གསོལ་སྟོན་མཛད་སྒོའི་ཐོག་སྐུ་ཞབས་མར་ཊིན་མིལ་སི་ Martin Mills མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཉིན་བོད་མི་ཚོར་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གི་གལ་གནད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྐོར་ངོ་སྤྲོད་མདོར་ཙམ་གནང་བ་མ་ཟད། ལས་དོན་གནང་ཕྱོགས་དང་གྲུབ་འབྲས། ལྷག་པར་ཤེས་ཡོན་ཐོག་གྲུབ་འབྲས་གང་ལེགས་བྱུང་བ་སོགས་གསུངས་བསྟུན་དྲི་བར་ལན་འདེེབས་གནང་འདུག
ཕྱི་ཚེས་ ༢༢ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་ཡུལ་རྒྱལ་ས་ལོན་ཌོན་ནང་དུ་བོད་རིགས་མི་གྲངས་ ༣༥༠ ལ་བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་ལོ་ངོ་བརྒྱད་ནང་ཤེས་ཡོན་ཐོག་དམིགས་བསལ་གྲུབ་འབྲས་བཟང་པོ་ཐོབ་སྐོར་དང་། བཙན་བྱོལ་བོད་མིའི་ཉམ་ཐག་རྒན་རྒོན་རྣམས་ལ་གཟིགས་རྟོག་གང་ལེགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ནང་འཛུགས་སྐྲུན་ལས་གཞི་ཇི་སྤེལ་སྐོར། ལྷག་པར་ཁང་པ་དེ་དག་བོད་ལུགས་ལྟར་བཟོས་པ་དང་། ཁོང་རང་ཉིད་ཕྱི་རྒྱལ་ཡུལ་གྲུ་གང་སར་བསྐྱོད་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་བཏང་བ། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་ཐོག འབྱུང་འགྱུར་རྒྱ་ནག་དཔོན་རིགས་ཚོ་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུའི་རེ་བ་ཡོད་སྐོར་གསུངས། ཕྱོགས་མཚུངས་ཨིན་ཡུལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཚོས་མཐུན་སྒྲིལ་དམ་ཟབ་འོག་ལས་དོན་ཚགས་ཚུད་སྤེལ་བར་བསྔགས་བརྗོད་དང་།
ལྷག་པར་ཨིན་ཡུལ་བོད་རིགས་མཐུན་ཚོགས་ཀྱིས་རྒྱ་གར་ནང་གི་བོད་མི་བཙན་བྱོལ་བ་ཁག་གཅིག་གི་ཤེས་ཡོན་ཐོག་མཐུན་འགྱུར་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་སྦྲགས། སླད་མཐུན་འགྱུར་རོགས་རམ་མུ་མཐུད་དགོས་གལ་སྐོར་སོགས་གསུངས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རིང་མིན་རྡ་སར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ལྷན་ཚོགས་ཐོག་བོད་མི་གཞོན་སྐྱེས་གང་མང་མཉམ་ཞུགས་གནང་དགོས་པ་མ་ཟད། ལྷག་པར་ཨིན་ཡུལ་ནས་བོད་མི་གཞོན་སྐྱེས་ཚོས་ངེས་པར་དུ་ཆ་ཤས་ལེན་དགོས་གལ་གསུངས། གཞན་ཡང་གཟའ་མཇུག་སློབ་གྲྭར་རང་གི་ཕྲུ་གུ་ངེས་པར་གཏོང་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། དགེ་རྒན་དང་ཕ་མ་ཚོར་བསྔགས་བརྗོད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གནང་འདུག
གཞན་ཡང་བོད་ཁང་ཐེབས་རྩ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་སླད་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འབོད་སྐུལ་ཞུས་པ་བརྒྱུད། བོད་ཁང་ཐེབས་རྩའི་དྲན་རྟེན་དུས་དེབ་གཅིག་དབུ་འབྱེད་གནང་འདུག
ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་མི་ལྔ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལེགས་གསོལ་བསྔགས་བརྗོད་ཀྱི་ཕྱག་འཁྱེར་གནང་འདུག ཕྱི་ཚེས་ ༢༥ ཉིན་གྱི་ཕྱེད་ཡོལ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སི་ཀོཌ་ཊིཤི་གྲོས་ཚོགས་ Scottish Parliament ནང་གསུང་བཤད་གནང་གཏན་འཁེལ་འདུག་པ་བཅས།།