ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༧ ནས་ཉིན་གྲངས་ ༡༠ རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག སྲི་ཞུ་བ་དྲུང་གཞོན་དང་། དྲུང་ལས། སྡེ་འགན་ཁག་གཅིག་ལ་འཛིན་སྐྱོང་དང་འགོ་ཁྲིད་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་ཡོད། ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁྱོན་མི་གྲངས་ ༢༣ མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༧ ཉིན་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྦྱོང་བརྡར་ཁང་གི་འགན་འཛིན་སྐུ་ཞབས་ S.N. Tripathi ལགས། འཛིན་སྐྱོང་འགན་འཛིན་ Registrar སྐུ་ཞབས་ Amitabh Ranjan ལགས། ལས་འཆར་འགན་འཛིན་ Program Director སྐུ་ཞབས་ Dr. Surbhi Pandey ལགས། དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་བཅས་ཕེབས་ཡོད།
སྐབས་དེར་ལས་འཆར་འགན་འཛིན་ནས་ཟབ་སྦྱོང་བ་རྣམས་ལ་ཕེབས་བསུའི་གསུང་བཤད་དང་སྦྲགས། ཟབ་སྦྱོང་གི་ལས་རིམ་དང་། བརྗོད་གཞི་ཁག་ངོ་སྤྲོད་གནང་རྗེས་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཏེ་སྦྱོང་བརྡར་དངོས་གཞི་འགོ་འཛུགས་གནང་ཡོད་པ་བཅས། །