ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༧ རེས་གཟའ་པ་སངས་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨི་རན་ Iran ཡུལ་གྱི་སྒེར་གྱི་ཚོང་དོན་སྒྲིག་འཛུགས་ཀྱི་འགན་འཛིན་མི་གྲངས་ལྔ་བཅུ་ང་བརྒྱད་ལ་བཀའ་སློབ་སྩལ་དོན།
ཨི་རན་ནས་ཕེབས་མཁན་ཁྱེད་རྣམ་པ་ཐུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། འགའ་རེས་ཨི་རན་ཡུལ་མིར་དོགས་ཟོན་བྱེད་ཀྱི་འདུག འོན་ཀྱང་བོད་མིར་མཚོན་ན་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་པར་ཤི་ཡ་དང་འབྲེལ་བ་ཡོད། པར་ཤི་ཡ་ནས་ཡིན་པ་ཚོ་འབྱོར་ལྡན་དང་སོག་པོ་ཚོ་དམག་ལ་དགའ་པོ་ཡོད་པར་བརྩི་སྲོལ་ཡོད། ངོས་ལ་འགན་ཁུར་ཁག་གཅིག་ཡོད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པ་ལྟར། ངོས་རང་ཡང་དེ་མཚུངས་མི་ཞིག་རེད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བསམ་བློ་ཞི་བདེ་བག་ཕེབས་དགོས། དེ་ཡོང་བར་བྱམས་བརྩེའི་ཉམས་ལེན་བྱེད་དགོས་པའི་བསླབ་བྱ་དེ་ངོས་ཀྱིས་གཞན་ལ་རྒྱུས་སྟོན་བྱེད་ཀྱི་ཡོད། ལས་སླ་པོའི་ཐོག་ནས་བཤད་ན། བསམ་པ་བཟང་པོ་བྱས་ནས་བདེ་སྐྱིད་ཡོང་གི་རེད།
གཉིས་ནས་ངོས་རང་ནང་པའི་དགེ་སློང་ཞིག་རེད། དེར་བརྟེན་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་ངོས་ཀྱི་བཟང་སྤྱོད་ཀྱི་འགན་རེད། ལྟ་གྲུབ་ཐོག་ནས་ཆོས་ལུགས་ནང་ཕན་ཚུན་མི་མཐུན་པ་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་ཆོས་ལུགས་ཚང་མས་བྱམས་བརྩེའི་ཉམས་ལེན་གལ་ཆེ་ཡིན་པ་གཅིག་གྲགས་རེད། ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུར་ངོས་ལ་ཡིད་ཆེས་གཙང་མ་ཡོད། རྒྱ་གར་ལ་གཟིགས་དང་། ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་མཐུན་འབྲེལ་རྒྱུན་སྐྱོང་ཐོག་མཉམ་གནས་བྱེད་བཞིན་ཡོད།
ངོས་རང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ལ་གཙིགས་ཆེར་འཛིན་བཞིན་ཡོད་སྟབས། ཆོས་ལུགས་གཞན་གྱི་མི་སྣ་ཚོ་དང་ཐུག་སྐབས་དགའ་པོ་ཡོང་བཞིན་འདུག དེར་བརྟེན་དེ་རིང་འདིར་ཁ་ཆེའི་ཆོས་ལུགས་ནང་གི་ཤི་ཡ་ Shia ཆོས་ལུགས་ཀྱི་མཆེད་གྲོགས་ཕོ་མོ་ཚོ་དང་ཐུག་རྒྱུ་བྱུང་བར་ངོས་ལ་དོན་དམ་གྱི་ཆེ་མཐོང་ཐོབ་པ་ཞིག་བྱུང་། དེང་སྐབས་ཨི་ཇིབ་ Egypt ཡིན་ནའང་རེད། སྦར་མ་ Burma དང་ཨབ་གྷ་ནི་སི་ཐན་ Afghanistan ནང་དུ་ཡིན་ནའང་རེད། ཆོས་ཀྱི་མིང་འོག་ནས་མི་གསོད་ཁྲག་སྦྱོར་བྱེད་བཞིན་པ་དེ་དག་མཐོང་སྐབས་བློ་ཡུལ་ནང་གཤོང་དཀའ་བ་ཞིག་འདུག
བདུན་ཕྲག་རྗེས་མའི་ནང་ངོས་རང་ལྡི་ལིར་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དགོས་པའི་ཚོགས་ཆེན་ཐོག་འགྲོ་རྒྱུ་ཡིན། རྒྱ་གར་ནང་གི་སུན་ནི་Sunnis དང་ཤི་ཡ་ Shias འཁྲུག་པ་བརྒྱབ་འདུག་ཟེར་བ་ཞིག་ངོས་ཀྱིས་ནམ་ཡང་གོ་མྱོང་མེད། དེར་བརྟེན་ངོས་ཀྱི་ལ་དྭགས་ཁ་ཆེའི་གྲོགས་པོ་ཚོར་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་གཞིའི་ཐོག་ཏོག་ཙམ་ཤུགས་བརྒྱག་ཐུབ་ན། ཞེས་བརྒྱུད་སྐུལ་བྱས་པ་ཡིན། ངོས་རང་ཆོས་ལུགས་གཞན་གྱི་མི་སྣ་སུ་དང་ཐུག་སྐབས། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་རེད་བསམ་པ་དྲན་གྱི་འདུག ངོས་རང་སྐྱེས་ཡུལ་གྱི་ས་གནས་ལ་མཚོན་ན་ང་ཚོའི་གྲོང་པ་ཁ་ཆེ་བ་རེད། ངོས་རང་བྱིས་པའི་སྐབས་ཁ་ཆེའི་ཕྲུ་གུ་ཚོ་དང་ལྷན་རྩེད་འཇོར་རོལ་བ་མ་གཏོགས། གཞན་དེ་ཁ་ཆེ་ཡིན་བསམ་པའི་ཚོར་སྣང་རྩ་བ་ནས་མེད།
ཕྱིས་སུ་ངོས་རང་ལྷ་སར་འབྱོར་སྐབས་ལྷ་སའི་ནང་དུའང་ཁ་ཆེའི་ནང་མི་ཉུང་ཤས་ཤིག་ཡོད་པ་ཤེས་རྟོགས་བྱུང་། ཁོང་རྣམས་༸རྒྱལ་དབང་༸སྐུ་ཕྲེང་ལྔ་པའི་སྐབས་ནས་ཡོད་འདུག ༸རྒྱལ་མཆོག་ལྔ་པ་ཆེན་པོས་ཁ་ཆེ་བ་ཚོར་ས་ཆ་གསོལ་སྩལ་མཛད་སྟབས། ཁ་ཆེའི་ལྷ་ཁང་བཞེངས་འདུག འོན་ཀྱང་ས་གནས་བོད་མི་ནང་པ་དང་ཁ་ཆེའི་དབར་འཁྲུག་རྩོད་བྱུང་བའི་གནས་ཚུལ་རྩ་བ་ནས་གོ་ཐོས་མེད། ཁ་ཆེ་བ་ཚོས་ཁ་ལག་ཞིམ་པོ་བཟོ་བ་མ་ཟད། དབུས་སྐད་དྭངས་མ་རྒྱག་གི་རེད། ད་ཐེངས་ལྡི་ལིར་ལྷན་ཚོགས་དེར་ཁ་ཆེའི་གཞུང་ཚབ་ཁང་འདྲ་མིན་ནས་སྐུ་ཚབ་འཐུས་མི་གང་མང་མཉམ་ཞུགས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་གོ་སྐབས་བཟང་པོ་ཞིག་མཐོང་གི་འདུག ཅེས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ་འདུག