༢༠༡༩ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་དགོས་གལ་སྐོར་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བཀའ་སློབ་སྩལ་རྗེས། ཕྱི་ཚེས་ ༡༩ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་ས་གྷ་གལ་གནམ་ཐང་དུ་༸ཞབས་སོར་བཀའ་དྲིན་སྐྱོང་སྐབས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བཅར་བའི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་དོན། ངོས་ཀྱིས་རྒྱུན་དུ་ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རྒྱ་ཁོངས་ཡིན་མིན་གང་རུང་། སྐད་ཡིག་དང་རིག་གཞུང་ཐོག་ནས་བོད་དེ་ཐུན་མིན་ཞིག་རེད། གནས་སྟངས་དེའི་ཐོག་ནས་འཕགས་བོད་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་ཡོད་པ་རེད། ལོ་ངོ་ཉིས་སྟོང་གོང་ནས་བོད་ཀྱི་མཁས་དབང་མང་པོ་རྒྱ་གར་དུ་ཕེབས་ནས་ལེགས་སྦྱར་བསླབས་པ་རེད།
ལྷག་པར་དུས་རབས་བརྒྱད་པའི་ནང་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་ཡོད། སྐབས་དེར་མཁན་ཆེན་ཞི་བ་འཚོར་མཚོན་ན་ནཱ་ལེནྡྲའི་གཙུག་ལག་ཁང་གི་ནང་ནས་ཚད་མ་དང་ལྟ་གྲུབ་རིག་པའི་མཁས་པའི་གཙུག་རྒྱན་ཆགས་ཡོད། ཁོང་བོད་ཀྱི་རྒྱལ་པོས་གདན་དྲངས་པ་རེད། རྒྱལ་པོ་རང་ཉིད་ཀྱི་མ་ཡུམ་ལ་མཚོན་ན་རྒྱ་མི་རེད། རྒྱའི་བཙུན་མོ་རེད། དུས་རབས་བདུན་པའི་སྐབས་ནས་བོད་ཀྱི་རྒྱལ་པོས་རྒྱའི་བཙུན་མོ་མནའ་མར་བཞེས་སྐབས་ནས་བཟུང་རྒྱ་ནག་དང་དམིགས་བསལ་འབྲེལ་བ་བྱུང་ཡོད་ཀྱང་། བོད་མི་ཚོས་བློ་གཏད་ས་དེ་རྒྱ་གར་འཕགས་ཡུལ་འདི་ཆགས་ཡོད།
དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱའི་བཙུན་མོ་དང་གཉེན་སྒྲིག་གནང་ཡོད། འབྲེལ་བ་ཧ་ཅང་ཉེ་པོ་ཡོད། འོན་ཀྱང་ཆོས་རྒྱལ་གྱི་དགོངས་པར་རྒྱ་ནག་གི་ཡི་གེ་དེ་ཧ་ཅང་མགོ་རྙོག་ཚ་བར་གཟིགས་ཏེ། རྒྱ་གར་གྱི་ལེགས་སྦྱར་ལྷའི་སྐད་ལ་གཞི་བཅོལ་ནས་བོད་རང་གི་ཡི་གེ་གསར་གཏོད་མཛད་ཡོད། དུས་དེ་ནས་བཟུང་བོད་ཀྱི་ཐུན་མིན་སྐད་དང་ཡི་གེ་དར་ཁྱབ་བྱུང་བ་རེད།
གོང་དུ་བརྗོད་པ་ལྟར་དུས་རབས་བརྒྱད་པའི་སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་དྲངས་ནས་ནང་ཆོས་དར་འཕེལ་མཛད་ཡོད། སྤྱིར་སྐབས་དེར་རྒྱ་ནག་ཏུ་ནང་ཆོས་ཤུགས་ཆེ་དར་འཕེལ་ཟིན་པ་དང་། ལྷ་སར་ཡང་རྒྱའི་ནང་པའི་མཁས་དབང་དེ་འདྲ་མང་པོ་བསླེབ་པ་བྱུང་ཡོད། ལྷག་པར་བོད་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་རྩ་ཆེ་ཤོས་ཤིག་རྒྱ་ནག་ནས་གདན་དྲངས་པ་རེད། དེ་ལྟར་ནའང་བོད་ཀྱི་ཆོས་རྒྱལ་ཚོས་ནང་ཆོས་དེ་བོད་དུ་རྒྱ་གར་དཔལ་ནཱ་ལེནྡྲ་ནས་ཐད་ཀར་གདན་འདྲེན་ཞུ་རྒྱུའི་དགོངས་བཞེས་གནང་ཡོད།
གོང་དུ་བརྗོད་པ་ལྟར་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ནས་ཁོང་གིས་བརྩམས་པའི་གཞུང་དེ་དག་ལ་ང་ཚོས་སློབ་གཉེར་བྱེད་ཀྱི་ཡོད། ཁོང་གིས་བོད་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དར་འཕེལ་མཛད་པ་རེད། རྒྱ་གར་ནང་ལ་མཚོན་ན་ད་ཆ་དཔལ་ནཱ་ལེནྡྲ་གྱང་རོ་ཆགས་ཟིན་པ་རེད། འོན་ཀྱང་བོད་མི་ཚོས་ནཱ་ལེནྡྲའི་རིག་གཞུང་དེ་དག་གཅེས་ཉར་བྱས་ཡོད། ང་ཚོས་ཚད་མའི་རྣམ་གཞག་སྐོར་སློབ་སྦྱོང་ཧ་ཅང་བྱེད་ཀྱི་ཡོད། དེར་བརྟེན་ད་ཆ་དགེ་རྒན་ལས་དགེ་ཕྲུག་ཚོའི་ཀླད་པ་གྲུང་བ་ཡོད། བཞད་མོ་བཞད་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་ཚོས་ནཱ་ལེནྡྲའི་རིག་གཞུང་དེ་དག་ཧ་ཅང་གཅེས་ཉར་བྱས་ཡོད། ལོ་ངོ་ཉི་ཤུ་སུམ་ཅུའི་རིང་གཞུང་དེ་དག་ལ་སློབ་སྦྱོང་བྱེད་ཀྱི་ཡོད། རྩ་བ་བློ་འཛིན་བྱས་ནས་སློབ་སྦྱོང་བྱེད་ཀྱི་ཡོད།
ངོས་རང་ལ་མཚོན་ན་ལོ་ན་དྲུག་བདུན་སྐབས་ནས་བཟུང་རྩ་བ་དེ་དག་བློ་འཛིན་བྱས་པ་ཡིན། རྒྱུན་དུ་ངོས་ཀྱིས་རྒྱ་གར་གྲོགས་པོ་ཚོར། ངོས་ཀྱི་ལུས་པོ་འདི་རྒྱ་གར་བ་མ་རེད། འོན་ཀྱང་ངོས་ཀྱི་ཀླད་པར་མཚོན་ན་ཨིན་ཇིས་གཏན་འབེབས་བྱས་པའི་དེང་དུས་ཤེས་ཡོན་ལམ་ལུགས་འོག་འཚར་ལོངས་བྱས་པའི་རྒྱ་གར་བ་ཕལ་མོ་ཆེ་ལས་ངོས་རང་རྒྱ་གར་གཤའ་མ་ཞིག་ཆགས་ཡོད། ཅེས་བཤད་ཀྱི་ཡོད། ༼ སླར་ཡང་ཞལ་ཤོབ་མཛད། ༽ གང་ལྟར་ཡང་ཇི་སྲིད་བོད་ཀྱི་ཐུན་མིན་སྐད་ཡིག་ལ་བརྟེན་པའི་ཆོས་དང་རིག་གཞུང་དེ་དག་བོད་ནང་དུ་གསོན་པོར་གནས་ཐུབ་པ་དེ་སྲིད་དུ་བོད་མི་ས་ཡ་དྲུག་གིས་རྒྱ་གར་ཕྱོགས་སུ་བློ་གཏད་བྱ་རྒྱུ་རེད། དེར་བརྟེན་ངོས་ཀྱིས་མང་ཚོགས་ལ་རྒྱ་གར་གྱི་བདེ་སྲུང་ས་ཚིགས་དང་པོ་བོད་རེད། ཅེས་བཤད་ཀྱི་ཡོད།
ང་ཚོས་རང་བཙན་རྩོད་ཀྱི་མེད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་པ་མ་གཏོགས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ལེན་བྱེད་ཀྱི་མེད། འོན་ཀྱང་ང་ཚོས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་དགོས་འདུན་བཏོན་བཞིན་ཡོད། དེར་བརྟེན་ཆབ་སྲིད་ཀྱི་གནས་བབ་གང་འདྲ་ཞིག་ཡིན་ནའང་ཁྱད་པར་མེད། བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་གནད་དོན་ཞིག་ཀྱང་རེད། ཁྱེད་རང་ཚོས་བོད་དོན་ཐོག་དོ་སྣང་གནང་བ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྒྱུན་དུས་ངོས་ཀྱིས་ང་ཚོ་བོད་མི་ཚོ་རྒྱ་གར་གྱི་སློབ་མ་ཡིན་པ་ཙམ་དུ་མ་ཟད། ཡིད་ཆེས་བློ་གཏད་འཕེར་བའི་སློབ་མ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། བོད་རང་བཙན་ཟེར་བ་ཁག་པོ་རེད། རྒྱ་གར་གྱི་དམག་མི་ཡོངས་རྫོགས་བོད་ནང་བཏང་ནས་བོད་བཅིངས་བཀྲོལ་བཏང་ཟེར་བ་དེ་འདྲ་ཡོང་མི་སྲིད་པ་ཞིག་རེད། ཕྱི་ལོ་ ༡༩༥༦ དང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་སྲིད་བློན་པཎྜིཏ་ནེ་རུ་མཆོག་གིས་ངོས་ལ། བོད་རང་བཙན་གྱི་ཆེད་དུ་ཨ་རིའི་གཞུང་གིས་རྒྱ་ནག་དང་དམག་བརྒྱག་གི་མ་རེད། ཅེས་གསུང་མྱོང་ཡོད། དེ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོའི་མི་རབས་གོང་མ་ཚོས་གོ་སྐབས་བཟང་པོ་དེ་འདྲ་མང་པོ་ཆུད་ཟོས་བཏང་འདུག་བསམ་པ་དྲན་གྱི་འདུག འོན་ཀྱང་ད་ཆ་འདས་ཟིན་སྟབས་བྱ་ཐབས་གང་ཡང་མེད།
ད་ཆ་དངོས་ཡོད་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་ཏེ། ཐབས་ལམ་བཟང་ཤོས་དེ་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་ནས། དེ་དང་ཆབས་ཅིག་རྒྱ་གཞུང་གི་རྩ་ཁྲིམས་ནང་བོད་མི་ཚོར་རང་སྐྱོང་གི་གནས་བབ་གསལ་བ་དེ་དག་ལག་བསྟར་ཡོང་ཐབས་བྱ་རྒྱུ་དེ་རེད། ལྷག་པར་ངོས་ལ་བསམ་ཚུལ་གཅིག་ཡོད། གལ་ཏེ་ང་ཚོས་བོད་རང་བཙན་ལ་ཨུ་ཚུགས་བརྒྱབ་པ་ཡིན་ན། བོད་དབུས་དང་ནུབ་ཕྱོགས་ས་ཁུལ་ཙམ་མ་གཏོགས་ཚུད་ཀྱི་མ་རེད། བོད་རང་བཙན་མ་རྩོད་པར་རང་སྐྱོང་ཞེས་བརྗོད་པ་ཡིན་ན། རྒྱ་ནག་རང་གི་རྩ་ཁྲིམས་ནང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ལས་བརྒལ་ཏེ། བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ཁག་ཀྱང་བོད་རིགས་གནས་སའི་ས་གནས་སུ་ངོས་འཛིན་བྱས་ཡོད།
དེར་བརྟེན་རང་སྐྱོང་ལྗོངས་དང་རང་སྐྱོང་རྫོང་། རང་སྐྱོང་ཁུལ་བྱས་ནས་རྒྱ་ནག་རང་གི་རྩ་ཁྲིམས་ནང་བོད་རིགས་གནས་སྡོད་ཀྱིས་ཁུལ་དུ་ངོས་འཛིན་བྱས་ཡོད། ང་ཚོས་རྩོད་གཞི་ནི་བོད་རིགས་གནས་སྡོད་ཀྱི་ས་ཁུལ་དེ་དག་ཡོངས་རྫོགས་ལ་ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་པ་བརྗོད་ཀྱི་ཡོད། ལོ་རྒྱུས་ཀྱི་བོད་རང་བཙན་ས་ཁུལ་ཆུང་ཆུང་ལས་མེད་པ་དེ་ཕར་བཞག་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ངོས་འཛིན་བྱས་པའི་ས་ཁུལ་དེར་མཚོན་ན་བོད་མི་ས་ཡ་དྲུག་ལྷག་ཡོད། བོད་རང་སྐྱོང་ལྗོངས་ཁོ་ནར་དམིགས་པ་ཡིན་ན་བོད་མི་ས་ཡ་གཉིས་ཙམ་ལས་མེད། ཅེས་བཀའ་སློབ་བསྩལ།།