ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་ལོའི་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པ། ཁལ་མུག་ Kalmykia རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨི་ལིས་ཏ་ Elista ནང་ཡོད་པའི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དགོན་པ་ཞིག་གི་མདུན་ཐང་དུ། རུ་སོག་སྐུ་ཚབ་དོན་གཅོད་དང་ཁལ་མུག་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གི་འགོ་ཁྲིད་ལམ་སྟོན་འོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁལ་མུག་མང་ཚོགས་དྲུག་སྟོང་ཙམ་འདུ་འཛོམས་ཀྱིས་༸རྒྱལ་བའི་༸སྐུའི་འཕྲོད་བཞེས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བ་དང་། ༸སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་ཤུགས་དྲག་དང་འབྲེལ། སྲོལ་རྒྱུན་གྱི་རོལ་མོའི་ལམ་ནས་གླུ་དབྱངས་ཀྱི་མཆོད་པ་གཟབ་རྒྱས་ཤིག་ཕུལ་གནང་འདུག
སྐབས་དེར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔའ་བོ་ National Hero ཞེས་པའི་བྱ་དགའ་ཐོབ་མཁན་དང་རོལ་དབྱངས་རྩོམ་མཁན་སྐུ་ཞབས་ Savar Katayev ལགས་ཀྱི་ལམ་སྟོན་འོག་མི་གྲངས་བདུན་བརྒྱ་ཙམ་གྱིས་ཌོམ་བྷྲ་Dombra ཞེས་སྲོལ་རྒྱུན་གྱི་གླུ་དབྱངས་ཕུལ།
ཐེངས་འདིའི་འདུ་འཛོམས་དེ་སྔ་དང་མི་འདྲ་བར་ལོ་རྒྱུས་ཀྱི་ཆ་ནས་དམིགས་བསལ་ཁྱད་པར་ཅན་ཞིག་ཡིན་པ་དང་། དེ་སྔོན་མགོན་པོ་གང་ཉིད་ཕྱི་ལོ་ ༡༩༩༡།༡༩༩༢།༢༠༠༤ ལོར་ཁལ་མུག་ཏུ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པ་བཅས། །