ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ཉིན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ ༣༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྒང་ཏོག་མཚུར་ཕུ་བླ་བྲང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་སྒང་ཏོག་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་ཕེབས་ཡོད།
དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་ Shri. Prem Singh Tamang མཆོག་གིས་གཙོས་མངའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་ཀུན་དགའ་ཉི་མ་ Shri Kunga Nima Lepcha མཆོག དེ་བཞིན་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་ Shri Sonam Lama མཆོག གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་སོགས་སེར་སྐྱ་མང་ཚོགས་བཅས་ཕེབས་ཡོད།
དཔལ་རྒྱལ་བ་ཀརྨ་པ་མཆོག་གི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་སྒང་ཏོག་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་ཡོད་པ་བཅས། །