ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་སུད་སི་རྒྱལ་ས་བྷན་ Bern དུ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་གནང་སྲོལ་ཡོད་པ་ལྟར་འདི་ལོའི་དབྱར་ཁའི་ཚོགས་ཆེན་དེ་གོང་ཚེས་ཉིན་གོ་སྒྲིག་གནང་འདུག
སྐབས་དེར་ཚོགས་གཞོན་ལྕམ་སྐུ་མ་ཡ་གྷ་རཕ་ Ms. Maya Graf མཆོག་གིས་གཙོས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ལྕམ་སྐུ་བར་བཱ་རཱ་གྱ་སི་ Barbara Gysi ལགས་དང་། Ms. Claudia Friedl ལགས། Mr. Claude Begle ལགས། Mr. Martin Naef ལགས། Ms. Martina Munz ལགས། Mr. Nik Gugger ལགས། Ms. Prisca Birrer-Heimo ལགས། Ms. Regula Rytz ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Buchli ལགས་དང་ཚོགས་གཞོན་ངོར་ཁང་གསར་ལྷ་དབང་ལགས་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་ཐོག་དེ་སྔོན་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་ལཊ་ཝི་ཡའི་རྒྱལ་ས་རི་ག་རུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ཐོག་བཞག་པའི་གྲོས་ཆོད་ཁག་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་བསྡུར་གླེང་སློང་གནང་འདུག
སྐབས་དེར་སུད་སི་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་ཚོས་ད་བར་བོད་ཀྱི་གནད་དོན་དང་བོད་མི་རྣམས་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཞིག་ཡིན་སྐོར་དང་། གྲོས་ཚོགས་འཐུས་མིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་བར་ལམ་ཕྱི་ལོ་ ༢༠༡༠ ནས་གྲོས་མོལ་བར་མཚམས་ཆད་ཀྱང་། བོད་རྒྱ་འབྲེལ་མོལ་དེ་བཞིན་ཧ་ཅང་གལ་གནད་ཆེན་པོ་ཡིན་སྟབས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཞུ་དགོས་གལ་སོགས་གསུངས།
དེ་ནས་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་ཉེ་ཆར་རི་གར་རུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་གྲོས་ཆོད་དོན་ཚན་བཅོ་ལྔ་ཙམ་བཞག་སྐོར་དང་། སྐབས་དེར་གནད་དོན་གལ་ཆེ་འགའ་ཤས་ཤིག་ཟུར་འདོན་གྱིས་འགྲོ་བཞིན་པའི་གྲོས་ཚོགས་སུ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐོ་མས་བུ་ཅིལ་ལགས་ཀྱིས་སྔ་ལོའི་ལས་དོན་ཁག་ལ་བསྐྱར་ཞིབ་གནང་ཡོད།
སྤྱིར་ཐེངས་འདིར་དབྱར་ཁའི་ཚོགས་མཐུན་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ ནས་ ༢༡ བར་ཉིན་གྲངས་ ༡༨ རིང་ཚོགས་རྒྱུ་ཡིན་འདུག་པ་དང་། འདི་ལོའི་ཚོགས་མཐུན་ཐེངས་གཉིས་པ་ནི་ཕྱི་ཟླ་ ༡༢ ནང་འཚོགས་གཏན་འཁེལ་ཡོད་པ་བཅས། །