ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཧི་མ་ཅལ་མངའ་ཁོངས་སི་མོར་རྫོང་ཁོངས་བོད་མིའི་གཞིས་ཁག་བཞིའི་ས་གནས་མི་མང་ཐུན་མོང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་ ༢ པ་དེ་བཞིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་བསྐོང་ཚོགས་གནང་ཡོད།
དེ་ཉིན་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་མཱ་དན་ལཱལ་ཁུ་ར་ན་ Dr. Madan Lal Khurana ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་གྷི་ཏ་རམ་ཁྲ་ཀུར་ Shri. Gita Ram Thakur ལགས་མགྲོན་འབོད་གནང་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་གཟུགས་བདེ་མིན་གྱི་ཚོགས་བཅར་ཐུབ་མེད། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྒྱ་གར་བ་མི་གྲངས་ ༧༦ ཡོད་པ་རྣམས་ལ་མགྲོན་ཤོག་ཕུལ་བའི་ཐོག་ས་གནས་ཀྱི་རྒྱ་གར་གནད་ཡོད་མི་གཞན་ཁག་བཅས་ཁྱོན་བསྡོམས་སྐུ་མགྲོན་གྲངས་ ༡༠༠ ལྷག་ཆེད་ཕེབས་ཐུབ་བ་བྱུང་ཡོད། དེ་བཞིན་ས་གནས་ཁག་གི་བོད་མི་ཆེད་ཕེབས་ཐོག་ཚོགས་ཆེན་ཐེངས་ ༢ པའི་མཛད་སྒོ་ཐོག་མཐའ་བར་གསུམ་ལེགས་གྲུབ་བྱུང་ཡོད།
སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམས་དབྱངས་ལགས་ཀྱིས་ཧི་མ་ཅལ་མངའ་ཁོངས་སི་མོར་རྫོང་ཁོངས་བོད་མིའི་གཞིས་ཁག་བཞིའི་ལོ་རྒྱུས་སྙིང་བསྡུ་སྙན་སྒྲོན་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས།
སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་འཕགས་བོད་གཉིས་དབར་ཐུན་མོང་མ་ཡིན་པའི་གནའ་བོའི་འབྲེས་ལམ་སྐོར་དང་། མ་འོངས་པར་མི་རིགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དམ་གཟབ་གཏོང་ཐབས་སོགས་ཀྱི་སྐོར་གསུང་བཤད་རྒྱ་ཆེ་གཏིང་ཟབ་གནང་།
ཕྱོགས་མཚུངས་ཆེ་བསྟོད་སྐུ་མགྲོན་མཆོག་གིས་བོད་ཀྱི་བདེ་འཇགས་ནི་རྒྱ་གར་ལ་གལ་གནད་ཆེ་བའི་རང་བཞིན་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་རྒྱ་ཆེ་གཏིང་ཟབ་གནང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་རྣམ་གཉིས་ནས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེར་ལེགས་སྐྱེས་གནང་།
གཞན་ཡང་ཆེ་བསྟོད་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་མི་དང་དེ་བཞིན་རྒྱ་གར་ཚོགས་བཅར་བ་ཡོངས་ལ་མཇལ་དར་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་ཚོགས་ཀྱི་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་ཉིན་སྐུ་མགྲོན་ཡོངས་ལ་གསོལ་ཇ་དང་བཞེས་ཏོག ཉིན་གུང་གསོལ་ཚིགས་ཡབཅས་འདེགས་ཕུལ་ཞུས་ཡོད་པ་བཅས།།