ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཀྱི་ཚོགས་ཁང་གསར་པའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་མཐུན་འགྱུར་གནང་བའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་མཇུག་སྡོམ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་འདུག
དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ནས་ ༡༦ བར་བཞུགས་སྒར་རྡ་རམ་ས་ལར་ཚོགས་ཡོད་པ་དང་། རྒྱ་གར་མངའ་སྡེ་ཁག་ ༢༡ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༡༦ ཕེབས་པ་རྣམས་ཀྱིས། བོད་མི་དང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེ་དང་སྦྲགས། བོད་ནང་གི་བོད་མིར་ཆེ་མཐོང་སྤྲོད་དགོས་པ་དང་། དྲང་བདེན་གྱི་སྲིད་བྱུས་ལག་བསྟར་དགོས་པའི་རེ་འདུན་བཏོན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་སྐུ་ངལ་འཛེམས་མེད་བསྐྱོན་གནང་མཛད་བཞིན་པར་བཀའ་དྲིན་རྗེས་དྲན་ཞུས་འདུག
ད་ཐེངས་ཚོགས་ཆེན་ཐེངས་དྲུག་པ་དེས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྲོང་ཁྱེར་ཀལ་ཀ་ཏར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་དེ་དང་། འདི་ལོར་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་བཀོད་ནས་མི་ལོ་དྲུག་ཅུ་འཁོར་བ་བཅས་དུས་ཆེན་གཉིས་འཛོམས་སྲུང་བརྩི་ཞུས། ཉིན་གཉིས་ཀྱི་ལྷན་ཚོགས་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་མཆོག་གིས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ RSS ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar མཆོག ཆེ་བསྟོད་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོ་འཛིན་སྐུ་ཞབས་ཨཱནནྡ་ཀུ་མཱར་ Anand Kumar ལགས། ཚོགས་གཞོན་སྐུ་ཞབས་སུན་དར་ཀུ་མཱར་ Sunder Kumar ལགས་བཅས་ཀྱིས་ལྷན་ཚོགས་དབུ་འབྱེད་གནང་ཡོད།
ཉིན་དང་པོ་དབུ་འབྱེད་མཛད་སྒོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་མཆོག་གིས་སྐུ་མགྲོན་རྣམས་རེ་རེ་བཞིན་ཚོགས་བཅར་བ་ཡོངས་ལ་ངོ་སྤྲོད་གནང་བ་མ་ཟད། ལྷན་ཚོགས་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་འདུག ཁོང་གིས་ལྷན་ཚོགས་དེ་བརྒྱུད་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གཞིར་འཛིན་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ལྟ་བུར་དམིགས་ནས། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྔར་བས་ནུས་ཤུགས་ཆེ་རུ་གཏང་རྒྱུ་དང་། ས་གནས་སོ་སོའི་ནང་བོད་དོན་རྒྱབ་སྐྱོར་ལས་འགུལ་སྤེལ་སྐབས་རུ་ངར་ལྡན་པ་དང་། སྔར་བས་ཚགས་ཚུད་ཇི་ལྟར་གཏོང་ཐུབ་མིན་ཐོག་བསམ་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་ཁྱད་འཕགས་ཅན་ཞིག་ཡིན་སྐོར་གསུངས།
ཆེ་བསྟོད་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོ་འཛིན་སྐུ་ཞབས་ཨཱནནྡ་ཀུ་མཱར་ Anand Kumar ལགས་ཀྱིས། འདས་པའི་ལོ་ངོ་ ༦༠ རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་དང་། བོད་ཀྱི་གྲོགས་པོ་བཅས་དང་འབྲེལ་བ་བྱུང་བའི་བརྒྱུད་རིམ་ཐོག་ཕྱིར་ལྟ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང་། དེ་སྔ་རྒྱ་གར་གྲོང་ཁྱེར་ཀལ་ཀ་ཏར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཟེར་བའི་ལྷན་ཚོགས་ཆུང་ཆུང་ཞིག་ཚོགས་པ་དེ་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་འབོད་སྒྲ་དེ་ཇི་ཙམ་ཆེན་པོ་ཆགས་པ་ནི་གྲུབ་འབྲས་ཕུལ་བྱུང་ཞིག་ཡིན་པ་གསུངས། སྐབས་དེར་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཚོགས་པས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་གཞིས་བྱེས་བོད་མིའི་ངོ་བོ་མཚོན་པའི་ཁྲིམས་མཐུན་སྒྲིག་འཛུགས་ཡིན་པར་ངོས་འཛིན་བྱ་རྒྱུ། བོད་རྒྱའི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཡིན་པ་མཐའ་གཅིག་ཏུ་རྒྱབ་སྐྱོར་ངོས་འཛིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལ་རྒྱབ་སྐྱོར་ཞུ་རྒྱུ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་རྒྱ་གར་གཞུང་ལ་ཆེས་མཐོའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་Bharat Ratna མགོན་པོ་མཆོག་ལ་འབུལ་ལམ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ། རྒྱ་གར་གཞུང་ངོས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གསལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པའི་རེ་འདུན་འདོན་རོགས་ཞུ་རྒྱུ། བོད་ནང་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ། བོད་སར་དམག་དོན་རྒྱ་སྐྱེད་གཏོང་མཚམས་འཇོག་དགོས་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས་པ། བོད་ཀྱི་གཙང་པོའི་ཐོག་ཆུ་རགས་རྒྱག་མཚམས་འཇོག་དགོས་པ། གཞིས་བྱེས་བོད་མི་མཚོན་པའི་ཁྲིམས་མཐུན་གྱི་བོད་མིའི་སྒྲིག་འཛུགས་ཀྱིས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་བ་བརྒྱུད་བོད་མིའི་ཆེ་མཐོང་དང་དྲང་བདེན། བོད་ནང་ཞི་བདེ་ཐོབ་ཐབས་ཀྱི་འཐབ་རྩོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་གནང་དགོས་པ་བཅས་འཁོད་འདུག།